མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་མི་རིགས་རང་སྐྱོང་ཀྲོའུ་30ཡི་དཔལ་འབྱོར་གྱི་རྗེས་སྙེགས་ཚད་བརྒལ་རྟགས་
མཚན་མངོན་གསལ་དོད་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ཀྲོའུ་ཡི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཉམས་མྱོང་སྤེལ་རེས་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་སྐབས་གསུམ་པའི་ཐོག་གསར་འགོད་པས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་མི་རིགས་རང་སྐྱོང་ཀྲོའུ་30ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་མཐའ་འཁྱོངས་བྱས་པས་རྗེས་སྙེགས་ཚད་བརྒལ་རྟགས་མཚན་མངོན་གསལ་དོད་པོ་ཡོད་པ་དང་། 2016ལོར་འབྲེལ་ཡོད་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་2010ལོ་དང་བསྡུར་ན་ལྡབ་འཕར་བྱུང་ཡོད་པ་རེད།
           རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་པཱ་ཐེར་གྱིས་རང་རྒྱལ་གྱི་མི་རིགས་རང་སྐྱོང་ཀྲོའུ་30མང་ཆེ་བ་ཐག་རིང་ལུང་ཁུག་ཏུ་གནས་ཡོད་པས་དེ་སྔ་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད། ཉེ་བའི་ལོ་ཤས་རིང་། ཀྲོའུ་ཁག་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་མཐའ་འཁྱོངས་བྱས་པ་བརྒྱུད་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ནང་རྗེས་སྙེགས་ཀྱི་ལེགས་ཆ་ངེས་ཅན་ཞིག་ལྡན་ཡོད་ཅེས་ངོ་སྤྲོད་བྱས།
          དཔེར་ན། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ཤར་ལྷོ་ཀྲོའུ་ཡིས་གྲངས་གཞི་ཆེ་མོ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། གནད་སྨིན་དབུལ་སྐྱོར་བཅས་ཕན་ཚུན་ཟུང་དུ་འབྲེལ་བས་དཔལ་འབྱོར་འཕར་ཚད་བསྡོམས་འབོར་རྒྱུན་མཐུད་ངང་མཐོ་རུ་སོང་བ་དང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཡིས་ཚྭ་འདམ་གཤོངས་སར་འཁོར་རྒྱུག་ཐོན་ལས་ཚོགས་པ་བཏོད་པས་ལྗང་མདོག་འཕེལ་རྒྱས་གཏོང་བའི་ཐད་མདུན་གྲལ་དུ་སླེབས་པ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབྱི་ལི་ཀྲོའུ་ཡིས“རྒྱུད་གཅིག་ལམ་གཅིག”གི་གོ་སྐབས་དམ་པོར་བཟུང་ནས་ཧོར་གོ་སེ་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་ལོ་ལྔའི་ནང་རིམ་རྩིས་བྱས་ན་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་392ཟིན་པ་སོགས་རེད།
           དེ་དང་ཆབས་ཅིག ཉེ་བའི་ལོ་ཤས་རིང་ཀྲོའུ་ཁག་གི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དང་ལྷག་དོན་དུ་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་ནས“རྗེས་སྙེགས་ཤུགས་འདོན”བྱེད་པར་རྨང་གཞི་བཏིང་ཡོད། དཔེར་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཀྲོའུ་དང་ཡུལ་ཤུལ་ཀྲོའུ་ཡིས་ས་བབ་མཐོ་ཚད་སྨི་4000ཟིན་པའི་ས་མཐོར་གནམ་ཐང་ཆུང་ངུ་བསྐྲུན་པ་དང་། ཡུན་ནན་ཞིང་ཆེན་ཝུན་ཧྲན་ཀྲོའུ་སོགས་རང་སྐྱོང་ཀྲོའུ་7དུ་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་སོགས་ཀྱི་གྲུབ་འབྲས་འདི་དག་དེ་སྔ་བསམ་པའི་ཡུལ་ལའང་མེད་པ་ཤ་སྟག་རེད།
           “མིག་སྔའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བལྟས་ན། རང་སྐྱོང་ཀྲོའུ་ཁག་གི་རྗེས་སྙེགས་ཚད་བརྒལ་རྟགས་མཚན་ཧ་ཅང་མངོན་གསལ་དོད་པོ་ཡོད། ཐོག་མའི་ཞིབ་རྩིས་ལ་གཞིགས་ན། 2016ལོར་རང་རྒྱལ་གྱི་མི་རིགས་རང་སྐྱོང་ཀྲོའུ་30ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.72ཟིན་པ་དེ་2010ལོ་དང་བསྡུར་ན་ལྡབ་འཕར་བྱུང་ཡོད”ཅེས་པཱ་ཐེར་གྱིས་བཤད།
           དེ་ལྟར་ཡིན་ནའང། དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུའི་ཐོག་ཀྲོའུ་ཁག་ལ་གནོན་ཤུགས་ཆེན་པོ་ལྡན་ཡོད། རང་རྒྱལ་གྱི་མི་རིགས་རང་སྐྱོང་ཀྲོའུ་ཡི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་བཞི་ཆ་གཅིག་བཟུང་ཡོད་མོད། འོན་ཀྱང་དཔལ་འབྱོར་སྤྱི་འབོར་ཉུང་ཉུང་ཡིན། 2016ལོའི་ལོ་མཇུག་བར། རང་རྒྱལ་གྱི་མི་རིགས་རང་སྐྱོང་ཀྲོའུ་30ཡི་མི་འབོར་དབུལ་པོ་ད་དུང་ཁྲི་550ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་13%བཟུང་བ་དང་། དབུལ་པོ་ཐོན་ཚད་9%ཟིན་པ་དེ་རྒྱལ་ཡོངས་ལས་ལྡབ་1གིས་མཐོ་བ་ཡོད། 2016ལོར་རང་རྒྱལ་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བའི་རང་སྐྱོང་ཀྲོའུ་གཅིག་ཀྱང་མེད་ཅེས་པཱ་་ཐེར་གྱིས་བཤད།
            པཱ་ཐེར་གྱིས་རང་སྐྱོང་ཀྲོའུ་ཁག་གིས་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་ནས་གཅིག་འགྲོས་ཐོག་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་ངེས་པར་དུ་གཞན་ལས་ལྷག་པའི་འདུན་པ་འཆང་བ་དང་གཞན་ལས་ལྷག་པའི་ལས་རྗེས་འཇོག་དགོས། ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱིས་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་བཏང་ནས་ཡུལ་དེ་གའི་ད་ཡོད་ཀྱི་ཁྱད་ལྡན་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་དེ་བས་འཐུས་སྒོ་ཚང་བའི་དབུལ་སྒྲོལ་དང་འཕེལ་རྒྱས་ཀྱི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་དང་བཙུགས་ནས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་། ཞིང་ཆེན་གཞན་དག་གི་རོགས་སྐྱོར། ནང་གནས་སྒུལ་ཤུགས་བཅས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་ཞེས་བཤད་པ་རེད།