མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རིའི་སྙན་ཞུར་ཨ་ལན་སྤྲད་དེ་ཆོས་ལུགས་གནད་དོན་ལ་ཁ་གཡར་ནས་
རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མ་བྱེད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རིའི་སྙན་ཞུར་ཨ་ལན་སྤྲད་དེ་ཆོས་ལུགས་གནད་དོན་ལ་ཁ་གཡར་ནས་
རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མ་བྱེད་ཅེས་བརྗོད་པ།

           མི་དམངས་དྲ་བའི་འཕྲིན། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་སྙན་ཞུར་ཀྲུང་གོའི་ཆོས་ལུགས་རང་དབང་གི་གནས་སྟངས་ལ་དོན་མེད་སྐྱོན་འཛུགས་བྱས་པར་དམིགས་ནས་ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ཧྭ་ཁྲུན་དབྱིང་གིས་ཟླ་8ཚེས་16ཉིན་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ནས་དོན་དངོས་ལ་བརྩི་འཇོག་བྱས་ཏེ་རང་ཉིད་ཀྱི་དོན་དག་ལ་བདག་སྐྱོང་ལེགས་པོ་བྱེད་རྒྱུ་དང་། ཆོས་ལུགས་གནད་དོན་ཞེས་པར་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་སྟངས་ནོར་འཁྲུལ་ཅན་འདི་འདྲ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ་བསྟན་པ་རེད། 
         ཉིན་དེའི་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་དོན་ཁང་གིས་2016ལོ་འཁོར་གྱི"རྒྱལ་སྤྱིའི་ཆོས་ལུགས་རང་དབང་སྙན་ཞུ"སྤེལ་ནས་ཀྲུང་གོར་མིང་འདོན་གྱིས་སྐྱོན་བརྗོད་བྱས་འདུག  ཀྲུང་གོ་ཕྱོགས་ལ་ལྟ་ཚུལ་ཅི་ཞིག་ཡོད་དམ་ཞེས་དྲི་བ་བཏོན་པ་རེད།
         ཧྭ་ཁྲུན་དབྱིང་གིས། "ཁྱེད་ཀྱིས་གླེང་བའི་སྙན་ཞུ་དེར་ང་ཚོས་དོ་སྣང་བྱུང"ཞེས་དང་། ཀྲུང་གོ་སྲིད་གཞུང་གིས་ཁྲིམས་མཐུན་ལྟར་མང་ཚོགས་ཀྱི་ཆོས་ ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱས་ཡོད་ལ། ཀྲུང་ གོའི་མི་རིགས་ཁག་དང་ས་ཁུལ་ཁག་གི་མི་དམངས་ལ་ཁྲིམས་མཐུན་ལྟར་ཆོས་ལུགས་དད་མོས་རང་དབང་གི་དབང་ཆ་ཡོད། ཨ་རི་ཕྱོགས་ཀྱི་སྙན་ཞུ་དེར་དོན་དངོས་སྣང་མེད་དུ་བཏང་བ་དང་། དཀར་ནག་གོ་ལྡོག་བྱས་ཏེ། ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་གི་གནས་སྟངས་ལ་དོན་མེད་སྐྱོན་འཛུགས་བྱས་འདུག་པས། ཀྲུང་གོ་ཕྱོགས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་མ་ཟད། དོན་དག་འདིའི་ཕྱོགས་ནས་ཨ་རི་ཕྱོགས་ལ་སྐད་ཆ་དྲང་ནན་བཤད་ཡོད་ཅེས་བསྟན་པ་རེད།
        ཁོ་མོས"དོན་དངོས་ལས་གསལ་བ་ལྟར་ན། ཨ་རི་ནི་ཁྱད་དུ་འཕགས་པ་ཞིག་མ་རེད། ང་ཚོས་ཨ་རི་ཕྱོགས་ལ་དོན་དངོས་ལ་བརྩི་འཇོག་དང་། རང་ཉིད་ཀྱི་དོན་དག་བདག་སྐྱོང་ལེགས་པོ་བྱེད་པ། ཆོས་ལུགས་གནད་དོན་ཞེས་པར་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱེད་སྟངས་ནོར་འཁྲུལ་ཅན་འདི་རིགས་མཚམས་འཇོག་དགོས"ཞེས་བརྗོད་པ་རེད།