མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།>>གསར་འགྱུར་ཕྱོགས་བསྡུས།

༄༅།།གོམ་ཞེང་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་
བསྐྱོད་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        —— ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ། རང་རྒྱལ་གྱི་སྤྱི་ཚོགས་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་ངོས་འཛིན་ཡང་དག་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་སྟངས་འཛིན་གནད་ལ་འཁེལ་བ་བྱ་རྒྱུ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསྐྲུན་པའི་འགག་རྩའི་གནད་དོན་གལ་ཆེན་ཞིག་རེད།
        “ཡུན་རིང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་པ་ཡིན”ཞེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་དེ་ནི་རང་རེའི་ཏང་གིས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བརྟག་ཐབས་སྨྲ་བ་མཐའ་འཁྱོངས་བྱས་ནས་ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་ལོ་རྒྱུས་དང་དོན་དངོས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན། རྒྱལ་ནང་དང་རྒྱལ་སྤྱི་བཅས་ཟུང་འབྲེལ་གྱིས་བསམ་གཞིག་བྱས་ནས་ཐོབ་པའི་ཡང་དག་པའི་སྡོམ་ཚིག་ཅིག་རེད། ཆོད་གཏམ་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གནས་སའི་དུས་རབས་ཀྱི་གནས་བབ་ཁ་གསལ་བཏོན་པ་མ་ཟད། དུས་མཚམས་རྗེས་མའི་ལོ་རྒྱུས་ཀྱི་ལས་འགན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
        གང་འདྲ་བྱས་ཏེ་དུས་རབས་གསར་པར་ངོས་འཛིན་བྱེད་དགོས་ཤེ་ན། ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་དང་། རིགས་པའི་གཞུང་ལུགས་ཀྱི་བྱས་རྗེས་གསར་པ། འཕེལ་རྒྱས་ཀྱི་དམིགས་ཚད་གསར་པ། འགལ་ཟླའི་འགྱུར་ལྡོག་གསར་པ་བཅས་ཕྱོགས་བཞིའི་ཐད་ནས་སྟངས་འཛིན་བྱེད་དགོས། ལོ་ལྔའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལས་ང་ཚོས་ཡུན་རིང་ཐག་གཅོད་བྱེད་བསམ་ཡང་ཐག་གཅོད་མི་ཐུབ་པའི་དཀའ་ངལ་མང་པོ་ཐག་གཅོད་བྱས་པ་དང་དེ་སྔ་སྒྲུབ་བསམས་ཀྱང་སྒྲུབ་མི་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཐུབ་པ་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཐུབ་པ་བྱུང་ཡོད། རང་རེའི་ཏང་གིས་རླབས་ཆེན་གྱི་འཐབ་རྩོད་གསར་པའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་པ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་མངོན་འགྱུར་བྱེད་པའི་ཐད་སླར་ཡང་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་བྱུང་སྟེ་དུས་རབས་འབྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱས་རྗེས་གསར་པ་བཏོད་ཡོད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་དེ་འབྱུང་འགྱུར་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་ལ་དམིགས་ཚད་གསར་པ་གཏན་འཁེལ་བྱས་ཡོད། ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་ཟླར་འགྱུར་ཅེས་བཏོན་པ་མ་ཟད། སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པར་འགྲེལ་བཤད་བརྒྱབ་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱ་རྒྱུའི་ཐད། ང་ཚོས་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་དེའི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས་རང་འགུལ་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
         དུས་རབས་གསར་པར་རྣམ་པ་གསར་པ་ཡོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོན་གྱི་ཡོད་པ་གསུམ”དང་ཀྲུང་ཧྭ་མི་རིགས་དང་། ཚན་རིག་སྤྱི་ཚོགས་རིང་ལུགས། མིའི་རིགས་ཀྱི་སྤྱི་ཚོགས་བཅས་ཕྱོགས་གསུམ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་མཚོན་རྟགས་རང་བཞིན་གྱི་དོན་སྙིང་རྒྱས་བཤད་གཏིང་ཟབ་གནང་ཡོད། “དུས་རབས་ལྔ”སྤྱད་དེ་རླབས་ཆེན་གྱི་བྱ་གཞག་དང་། འཕེལ་རྒྱས་ཀྱི་དམིགས་ཚད། མི་དམངས་ཀྱི་བདེ་སྐྱིད། མི་རིགས་བསྐྱར་དར། མིའི་རིགས་ལ་ལེགས་སྐྱེས་བཅས་ཕྱོགས་ལྔ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་རྒྱས་བཤད་གཏིང་ཟབ་གནང་ཡོད།
        དེ་དང་ཆབས་ཅིག“རྩ་བའི་རྒྱལ་བབ”དང“རྒྱལ་སྤྱིའི་གནས་བབ”གཉིས་ལ་འགྱུར་ལྡོག་བྱུང་མེད་པས་ཏང་ཡོངས་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། དུས་རབས་གསར་པར་གོམ་སྟབས་སྤོས་པས་སྟོབས་ཤུགས་རྒྱས་པའི་འཕུར་མཆོང་ལ་མི་སེམས་སྐུལ་མ་ཐེབས་ལ། མི་རིགས་བསྐྱར་དར་གྱི་འོད་ཟེར་མདུན་ལམ་ལ་མི་རྣམས་ཀྱིས་རེ་སྒུག་བྱེད་བཞིན་ཡོད། འོན་ཀྱང་ང་ཚོས་རང་རྒྱལ་འདི་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་ཡུན་རིང་གནས་རྒྱུ་ཡིན་པའི་གཞི་རྩའི་རྒྱལ་བབ་ལ་འགྱུར་ལྡོག་བྱུང་མེད་པ་དང་རང་རྒྱལ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་བྱུང་མེད་པ་དེ་བརྗེད་མི་རུང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ད་དུང་ང་ཚོས་འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་དང་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་རྣམ་འགྱུར་ཐོག་ནས་དེ་བས་དཀའ་ཚེགས་ཆེན་པོས་འབད་བརྩོན་བྱེད་དགོས།
     ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ལ། འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ངོས་ནས་བརྗོད་ནའང་དོན་སྙིང་གལ་ཆེན་ལྡན་ཡོད། རླབས་ཆེན་གྱི་དུས་རབས་དེར་བསྐྱོད་པ་དེ་ནི་ང་ཚོ་མི་རབས་འདིའི་བདེ་སྐྱིད་ཡིན། ཡིད་ཆེས་བརྟན་པོ་དང་དཀའ་སྤྱད་འབད་འབུངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱས་ཚེ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཡག་པོ་བརྩམས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་དང་ལྡན་པའི་གསོན་ཤུགས་དེ་བས་མངོན་ཐུབ་ངེས་རེད།