མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོའི་གསར་འགོད་པ་མཐུན་ཚོགས་བཙུགས་ནས་ལོ་80འཁོར་བར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན། ཞི་ཅིན་ཕིང་གིས་ཀྲུང་གོའི་གསར་འགོད་པ་མཐུན་ཚོགས་བཙུགས་ནས་ལོ་80འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་སྟེ།
         ཀྲུང་གོའི་གསར་འགོད་པ་མཐུན་ཚོགས་བཙུགས་ནས་ལོ་80འཁོར་བའི་མཚམས་འདིར་ངས་ཏང་ཀྲུང་དབྱང་གི་སྐུ་ཚབ་ཞུས་ཏེ་ཁྱེད་རྣམ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་པར་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུ་རྒྱུ་ཡིན།
        དུས་ཡུན་རིང་པོའི་ནང་། ཀྲུང་གོའི་གསར་འགོད་པ་མཐུན་ཚོགས་ཀྱིས་གསར་འགྱུར་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཕྱི་ཕྱོགས་སུ་གསར་འགྱུར་སྤེལ་རེས་རྒྱ་བསྐྱེད་དང་། རྒྱ་ཆེའི་གསར་འགྱུར་ལས་དོན་པར་ཏང་གི་བཞེད་དགོངས་དྲིལ་བསྒྲགས་ཧུར་ཐག་བྱ་རྒྱུ་དང་། མང་ཚོགས་ཀྱི་རེ་འབོད་གཏིང་ཟབ་མཚོན་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་བརྒྱུད་སྤེལ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་རྒྱལ་ཁ་རླབས་ཆེན་རྒྱུན་ཆད་མེད་པ་ལེན་རྒྱུར་གླེང་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་དང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་པ་རེད།
         དུས་རབས་གསར་པར་ཀྲུང་གོའི་གསར་འགོད་པ་མཐུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། སྒྱུར་བཅོས་ཟབ་གཏོང་། གསར་འབྱེད་གསར་གཏོད་བཅས་བྱས་ནས། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་གཏིང་ཟབ་ཏུ་བཏང་སྟེ། རྒྱ་ཆེའི་གསར་འགྱུར་ལས་དོན་པ་རྡོག་རྩ་གཅིག་ཏུ་སྒྲིལ་ནས“གསར་འགོད་པའི་ཁྱིམ་ཚང”དངོས་འབྲེལ་འཛུགས་རྒྱུའི་རེ་བ་ཡོད། རྒྱ་ཆེའི་གསར་འགྱུར་ལས་དོན་པས“གདེང་ཚོད་བཞིའི”བསམ་བློ་བརྟན་པོ་འཛུགས་པ་དང་། མི་དམངས་ལ་བཅངས་པའི་བརྩེ་བ་རྒྱུན་འཁྱོངས་བ། དུས་རབས་རླབས་ཆེན་ཟིན་ཐོར་འགོད་པ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ། ཀྲུང་གོའི་སྐད་སྒྲ་བརྒྱུད་སྤེལ། འབད་འབུངས་ཡར་བརྩོན་གྱི་རྒྱལ་ཁའི་གླུ་དབྱངས་ལེན་པ། མི་རིགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།