མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་རྒྱུ་ནོར་རྩིས་
བཤེར་བྱེད་པའི་གཏན་འབེབས(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་6པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་《འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་རྒྱུ་ནོར་རྩིས་བཤེར་བྱེད་པའི་གཏན་འབེབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《གཏན་འབེབས་》ཞེས་བསྡུ་རྒྱུ)གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། དེ་རྗེས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཡིག་ཆ་པར་འགྲེམས་བྱས་པ་དང་། 《གཏན་འབེབས་》ནང་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་རྒྱུ་ནོར་རྩིས་བཤེར་བྱེད་པའི་ལས་དོན་ལ་ཞིབ་ཕྲའི་བླང་བྱ་བཏོན་པ་དང་འབྲེལ་བརྡ་ཐོའང་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         《གཏན་འབེབས་》ནང་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་རྒྱུ་ནོར་རྩིས་བཤེར་བྱེད་པའི་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་ཁྲིམས་ལྟར་རྩིས་བཤེར་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། དོན་དངོས་དང་མཐུན་དགོས་པ། གསར་གཏོད་བྱ་རྒྱུར་སྐུལ་ལྕག་གཏོང་བ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་གཙོ་བོ་འགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཚུལ་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱས་ཚུལ། རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་གལ་ཆེན་བཀོད་ཚུལ། རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་གྲུབ་བྱས་ཚུལ། རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་འགན་འཁྲི་ལག་ལེན་བསྟར་ཚུལ། རང་བྱུང་ཐོན་ཁུངས་རྒྱུ་ནོར་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་མ་དངུལ་བསྡུ་སྡོམ་སྤྱོད་གསུམ་དང་རྣམ་གྲངས་འཛུགས་སྐྲུན་འཁོར་རྒྱུག་སྒྲིག་འཛུགས་བྱས་ཚུལ་བཅས་དང་དེ་བཞིན་འབྲེལ་ཡོད་འགན་འཁྲི་གཞན་དག་བསྒྲུབ་ཚུལ་རྩིས་བཤེར་བྱེད་རྒྱུ་ཡིན་པ་ཁ་གསལ་འཁོད་ཡོད།
         《གཏན་འབེབས་》ནང་རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་བྱ་ཡུལ་འགོ་ཁྲིད་ལས་བྱེད་པས་ལས་འགན་འཁུར་སྐབས་འགན་འཁུར་སའི་ས་ཁུལ་ལམ་ཡང་ན་ལས་སྒོ་གཙོ་བོའི་ཁྱབ་ཁོངས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གནས་ཚུལ་གཞིར་བཟུང་རྩིས་བཤེར་བྱས་འབྲས་དང་ཟུང་འབྲེལ་བྱས་ནས་རྩིས་བཤེར་བྱ་ཡུལ་འགོ་ཁྲིད་ལས་བྱེད་པ་ལས་འགན་འཁུར་རིང་གི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་འགྱུར་ལྡོག་འགྲོ་བའི་རྒྱུ་རྐྱེན་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་རྩིས་བཤེར་བྱ་ཡུལ་འགོ་ཁྲིད་ལས་བྱེད་པས་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་འཁུར་ཚུལ་ལ་དོན་དངོས་དང་མཐུན་པའི་གདེང་འཇོག་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         《གཏན་འབེབས་》ནང་རྩིས་བཤེར་བྱ་ཡུལ་འགོ་ཁྲིད་ལས་བྱེད་པ་དང་དེ་བཞིན་འགན་འཁུར་སའི་ས་ཁུལ་དང་སྡེ་ཚན(ཚན་པ)གྱིས་རྩིས་བཤེར་བྱས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་འཕྲལ་མར་དག་ཐེར་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་ས་གནས་རིམ་ཁག་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཡོད་པའི་ལས་སྒྲུབ་སྡེ་ཚན་གྱིས་སྡེ་ཚན་དབར་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་གྲངས་གཞི་མཉམ་སྤྱོད་ཀྱི་ལས་སྟེགས་མགྱོགས་མྱུར་བཏོད་པ་དང་འབྲེལ་རྩིས་བཤེར་ལས་ཁུངས་ལ་སྒོ་མོ་འབྱེད་དེ་རྩིས་བཤེར་བྱེད་རྒྱུར་ཆེད་ལས་ཀྱི་རྒྱབ་སྐྱོར་དང་ལམ་ལུགས་ཀྱི་འགན་སྲུང་བྱེད་པ་དང་། རྩིས་བཤེར་ལས་ཁུངས་ཀྱིས་ཞིབ་རྩིས་བཤེར་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས། རྫོང་ཡན་གྱི་ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ས་གནས་དེ་གའི་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་རྒྱུ་ནོར་རྩིས་བཤེར་བྱེད་པའི་ལས་ཀར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་འཕྲལ་མར་རིམ་པ་དེ་གའི་རྩིས་བཤེར་ལས་ཁུངས་ཀྱི་རྩིས་བཤེར་ལས་ཀའི་གནས་ཚུལ་སྙན་ཞུ་ཉན་པ་དང་འབྲེལ་གོང་རིམ་རྩིས་བཤེར་ལས་ཁུངས་ཀྱི་རྩིས་བཤེར་དང་ལེན་དང་གཞོགས་འདེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།