མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཅི་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་གཅིག་མཐུན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཙུང་ཐུང་ཀའེ་ལའེ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་མཁན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཙོ་བདག་ཨང་དང་པོ་དེ་རེད། དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཧ་ཅང་ཟབ་མོ་ཡོད་པ་གང་ལེགས་མཚོན་ཡོད། ཀྲུང་ཅི་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་38སོང་ཚུན་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པ། ཕན་ཚུན་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐི་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་གང་མགྱོགས་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
        ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་ཅི་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། དེ་ཐོག་ནས་ང་ཚོ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཆུ་ཚད་མཐོ་པོ་ཡོད་པ་གང་ལེགས་མཚོན་གྱི་ཡོད། ཕྱོགས་གཉིས་པོས་མཐོ་རིམ་མི་སྣ་འགྲོ་འོང་བྱེད་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། ས་གནས་སོགས་ཀྱི་ཁྱབ་ཁོངས་ཁག་ཏུ་འགྲོ་འོང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་སྲིད་སྐྱོང་ལུགས་དང་འཕེལ་རྒྱས་ཉམས་མྱོང་ཐད་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཅི་པོའུ་ཐི“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་རྒྱུར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན་ལ་ཅི་པོའུ་ཐི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དོན་གཉེར་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་ལྕགས་ལམ་དང་། གྲུ་ཁ། ཆུ་མཁོ་འདོན། གཤེར་འགྱུར་རང་བྱུང་སོལ་རླངས་ལྕགས་མདོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་དང་ཞིང་ལས་མཉམ་ལས་སོགས་ཀྱི་ཐད་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་པ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐི་ཕྱོགས་ལ་ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས་མི་ཤུགས་ཐོན་ཁུངས་གསར་སྤེལ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་པོའི་གཞོན་ནུ་དང་། བུད་མེད། རིག་མཛོད། སྨྱན་སྦྱོར་སོགས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་འདོད་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་ཅི་པོའུ་ཐིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་ཅི་པོའུ་ཐི་ཕྱོགས་དང་མཉམ་དུ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་། ཨ་ཧྥེ་རི་ཁ་ཞི་བདེ་དང་བདེ་འཇགས་སོགས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུགས་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་མཉམ་དུ་སྲུང་སྐྱོང་བྱས་ཏེ་ཨ་ཧྥེ་རི་ཁའི་བྱང་ཤར་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
        ཀའེ་ལའེ་ཡིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་ཀྲུང་གོར་འཚམས་འདྲིར་ཡོང་མཁན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཙོ་བདག་ཨང་དང་པོར་གྱུར་བར་དགའ་ཚོར་ཆེན་པོ་བྱུང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གི་སྒྲིག་ཡིག་ནང་འཁོད་པར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཅི་པོའུ་ཐི་ནི་ཀྲུང་གོའི་གྲོགས་པོ་བཟང་པོ་ཞིག་ཡིན་པས་ཀྲུང་གོར་མཐོང་ཆེན་བྱེད་པ་དང་མེད་དུ་མི་རུང་བའི་རོགས་ཟླ་ཞིག་ཏུ་བརྩི་ཡི་ཡོད། ལོ་བཅུ་ཕྲག་ཁ་ཤས་ནང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་ཕྱིན་པར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། ལོ་མང་རིང་ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐི་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅི་པོའུ་ཐིའི་ས་ཁམས་ཆགས་ཚུལ་དམིགས་བསལ་ཡིན་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་དང་མཚོ་ཇག་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་པར་ཅི་པོའུ་ཐི་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་འཛམ་གླིང་ཞི་བདེ་དང་དར་རྒྱས་ཆེད་འགག་རྩའི་ནུས་པ་འདོན་སྤེལ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོས་དུས་ཡུན་རིང་པོའི་ནང་དང་ལྷག་དོན་དུ་རང་རྒྱལ་ཁབ་ད་དུང་དབུལ་ཕོངས་རྗེས་ལུས་ཡིན་པའི་སྐབས་སུའང་ཨ་ཧྥེ་རི་ཁའི་བདེ་འཇགས་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཅི་པོའུ་ཐི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ཀྲུང་གོ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་གཞོལ་རྒྱུ་ཡོད། འཛམ་གླིང་བྱ་བའི་ཁྲོད་ལྡན་དགོས་པའི་ཀྲུང་གོའི་གནས་བབ་སླར་གསོ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ལ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་བྱ་བའི་ནང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་ཕུགས་ཀྱི་འཕེལ་རྒྱས་ཆེད་མཛད་ཇུས་གལ་ཆེན་དང་བྱ་སྤྱོད་ཀྱི་རྩ་འཛིན་གཏན་འཁེལ་བྱས་ཡོད། ང་ཚོས་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུར་ཡང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་ཏེ་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་གཞོལ་རྒྱུ་ཡིན། འཕེལ་རྒྱས་གང་འདྲ་བྱུང་ནའང་འདྲ། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྔ་བར་ཕྱི་གསུམ་དུ་ཨ་ཧྥེ་རི་ཁ་ཚུད་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ཡང་དག་པའི་ཁེ་ཕན་གྱི་ལྟ་བ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོགས་པོ་བློས་ཐུབ་དང་བློས་འགེལ་ཆོག་པའི་རོགས་ཟླ་ནམ་ཡང་བྱེད་རྒྱུ་ཡིན་ཞེས་མཛུབ་སྟོན་གནང་བ་རེད།