མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ་
ཧོ་པེ་ཞུང་ཨན་ཁུལ་གསར་གྱི་འཆར་འགོད་བཟོ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་2ཚེས་22ཉིན་ཚོགས་འདུ་འཚོགས་ཏེ་ཧོ་པེ་ཞུང་ཨན་ཁུལ་གསར་གྱི་འཆར་འགོད་བཟོ་བའི་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
         ཚོགས་འདུའི་ཐོག་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་འཆར་འགོད་བྱ་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་གཏིང་ཟབ་གཏོང་བའི་ཐད་གནང་བའི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་གཞན་ཞིག་དང་ལོ་རྒྱུས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པས་པེ་ཅིང་གི་རྒྱལ་སའི་བྱེད་ནུས་གཙོ་བོ་མིན་པ་དང་འབྲེལ་མཐུད་བྱེད་པ་དང་། མི་འབོར་སྟུག་པའི་ས་ཁུལ་གྱི་གསར་སྤེལ་དཔེ་དབྱིབས་འཚོལ་ཞིབ་བྱེད་པ། ཅིང་ཅིན་ཅི་ཡི་བར་མཐོངས་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྲིག སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་སྒུལ་བྱེད་འཕྲུལ་འཁོར་གསར་པ་སྐྱེད་སྲིང་བྱ་རྒྱུར་དོན་དམ་པའི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད་ཅེས་བསྟན་པ་རེད།
         ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་པུའུ་ཨུད་དང་པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་གཉིས་པོའི་རྒྱབ་སྐྱོར་ཤུགས་ཆེན་འོག་ཧོ་པེ་ཞིང་ཆེན་གྱིས་ཅིང་ཅིན་ཅི་དང་མཉམ་དུ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཨུ་ཡོན་ལྷན་ཁང་འཕེལ་རྒྱས་གཏོང་བ་སོགས་ཐད་བརྟག་དཔྱད་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་པ་དང་ཕྱོགས་ཁག་གི་བསམ་འཆར་གང་ལེགས་ཉན་པ། བཟོ་བཅོས་དང་འཐུས་སྒོ་ཚང་དུ་ཡང་ཡང་གཏོང་བ་བཅས་བྱས་པས་ཞུང་ཨན་ཁུལ་གསར་གྱི་འཆར་འགོད་བཟོ་བའི་ལས་ཀའི་ཐད་འཕེལ་རིམ་འགངས་ཆེན་བྱུང་ཡོད་པའི་ངོས་འཛིན་བྱས་པ་རེད།
         ཚོགས་འདུའི་ཐོག་ཞུང་ཨན་ཁུལ་གསར་གྱི་འཆར་འགོད་དང་འཛུགས་སྐྲུན་ཐད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འཛམ་གླིང་གི་མིག་རྒྱང་དང་། རྒྱལ་སྤྱིའི་ཚད་གཞི། ཀྲུང་གོའི་ཁྱད་ཆོས། ངེས་གནས་མཐོ་པོ་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ“ཞུང་ཨན་གྱི་སྤུས་ཚད”གསར་གཏོད་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱལ་ཡོངས་ཀྱི་མིག་དཔེར་གྱུར་བ་བྱེད་དགོས་པ། པེ་ཅིང་གི་རྒྱལ་སའི་བྱེད་ནུས་གཙོ་བོ་མིན་པའི་གཅིག་སྡུད་ཐེག་ནུས་ཁུལ་གཏོད་རྒྱུར་དམིགས་ནས་རང་བྱུང་ཁམས་དང་བསྟུན་པ་དང་ཆོས་ཉིད་ལ་བརྩི་འཇོག་ཞུས་ནས་ལུགས་དང་མཐུན་པའི་གྲོང་ཁྱེར་གྱི་བར་མཐོངས་བཀོད་པ་བསྐྲུན་དགོས་པ། ས་ཁོངས་ཀྱི་རིག་གནས་དང་། རང་བྱུང་མཛེས་ལྗོངས། དུས་རབས་ཀྱི་བླང་བྱ་བཅས་དང་ཟུང་འབྲེལ་བྱས་ནས་ཀྲུང་ཧྭ་ཡི་ཉམས་འགྱུར་དང་། མཚོ་མཚེའུ་ཡི་མཛེས་ལྗོངས། གོམས་སྲོལ་གསར་གཏོད་བཅས་ཀྱི་གྲོང་ཁྱེར་གྱི་ཉམས་འགྱུར་ཆགས་པ་བྱེད་དགོས་པ། གྲངས་འཛིན་གྲོང་ཁྱེར་གོམས་སྟབས་གཅིག་མཚུངས་ངང་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ་རིག་ནུས་ཁུལ་གསར་ཧུར་ཐག་བསྐྲུན་དགོས་པ། སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ལྗང་མདོག་ཐཱན་ཉུང་ཁུལ་གསར་ཧུར་ཐག་བསྐྲུན་དགོས་པ། རྒྱལ་ཁབ་ཀྱི་བཀོད་སྒྲིག་གཞིར་བཟུང་རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་ཁག་གཅིག་བསྐྲུན་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁུལ་གསར་ཞིག་ཧུར་ཐག་གཏོད་དགོས་པ། ནུས་ཆེའི་འགྲིམ་འགྲུལ་དྲ་རྒྱ་བཀོད་སྒྲིག་བྱས་ཏེ་ལས་བཟོ་དང་རྒྱུན་སྡོད་དུད་ཁྱིམ་དོ་སྙོམས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་རིམ་པ་མང་བ་དང་། ཡོངས་སུ་ཁྱབ་པ། མི་གཤིས་ཅན་བཅས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་དྲ་རྒྱ་ཆགས་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་འཆར་འགོད་ཀྱི་ནང་དོན་གཏིང་ཟབ་དང་འཆར་འགོད་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཞུང་ཨན་ཁུལ་གསར་གྱི་སྒྱུར་བཅོས་སྒོ་དབྱེ་མགྱོགས་མྱུར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གངས་མགྱོགས་ཞིབ་འཇུག་བྱས་ཏེ་འདོན་པ་དང་རྨང་གཞིའི་རང་བཞིན་གྱི་རྣམ་གྲངས་འགངས་ཆེན་ཁག་གཅིག་འོས་འཚམ་ངང་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་ཁུལ་གསར་འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
         ཚོགས་འདུའི་ཐོག་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱ་རྒྱུ་དེ་ལོ་ངོ་སྟོང་གི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པས་ངང་རྒྱུད་རིང་པོའི་སྒོ་ནས་དོ་དོ་ནན་ནན་བྱེད་པ་དང་གཅིག་མཇུག་གཉིས་མཐུད་ངང་ལས་དོན་སྤེལ་ཏེ་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་ཁྱེར་ཧུར་ཐག་བསྐྲུན་དགོས་པའི་ནན་བཤད་བྱས་པ་རེད།
        ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།