མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཤང་ཀང་གི་འགྲིམ་འགྲུལ་ཆག་སྒོའི་ནང་རྐྱེན་ལམ་དུ་ཤོར་མིར་མྱ་ངན་ཞུས་པ་
དང་འབྲེལ་རྐྱེན་ལམ་དུ་ཤོར་མིའི་ནང་མི་དང་རྨས་སྐྱོན་ཕོག་མིར་སེམས་གསོ་འཚམས་འདྲི་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་18ཉིན་གྱི་ཆུ་ཚོད་18ཙམ་ལ་ཤང་ཀང་ཤིན་ཅེ་ཏ་ཕུའུ་གཞུང་ལམ་ཐོག་འགྲིམ་འགྲུལ་ཆག་སྒོ་ཚབས་ཆེན་ཞིག་ཐོན་ནས་སྡོད་ས་སྟེང་ཤོད་ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་མགོ་རྟིང་ལོག་སྟེ་མི་19ཤི་བ་དང་མི་60ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འཕྲལ་སྡོམ་བྱ་ཐབས་མྱུར་དུ་སྤེལ་ནས་གནས་ཚུལ་དེ་ཐག་གཅོད་བྱས་པ་རེད།
           འགྲིམ་འགྲུལ་ཆག་སྒོ་ཐོན་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲལ་མ་ཉིད་དུ་འབྲེལ་ཡོད་འཆི་རྨས་དང་སྐྱོབ་རོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ནས་ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་འགན་ཁུར་བས་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ལ་ད་རེས་ཀྱི་འགྲིམ་འགྲུལ་ཆག་སྒོའི་ནང་རྐྱེན་ལམ་དུ་ཤོར་མི་དང་། རྐྱེན་ལམ་དུ་ཤོར་མིའི་ནང་མི་དང་དེ་བཞིན་རྨས་སྐྱོན་ཕོག་མི་ལ་བྱམས་བརྩེའི་སེམས་གསོ་གནང་ལུགས་བརྒྱུད་ཞུ་བྱེད་དགོས་པའི་མཛུབ་སྟོན་གནང་བ་དང་འབྲེལ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་རྐྱེན་ལམ་དུ་ཤོར་མིའི་རྗེས་འཇུག་དང་རྨས་སྐྱོན་ཕོག་མི་ལ་སྐྱོབ་རོགས་དང་དེ་བཞིན་ཁོང་ཚོའི་ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད། ད་དུང་ཞི་ཅིན་ཕིང་གིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འཕྲལ་དུ་འབྲེལ་ཡོད་འཕྲལ་སྡོམ་ཐག་གཅོད་ལས་དོན་སྤེལ་བར་ཁས་ལེན་གང་ལེགས་གནང་བ་རེད།
       ལི་ཁེ་ཆང་དང་ཀྲང་ཏེ་ཅང་གིས་ཀྱང་ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གིས་མྱ་ངན་དང་སེམས་གསོའི་འཚམས་འདྲི་བརྒྱུད་ཞུ་བྱེད་རོགས་ཞེས་གསུངས་པ་རེད།