མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་གནང་བ་དང་སྦྲགས་ 《དུས་རབས་གསར་པར་ཏང་སྲིད་དམག་ཉེན་དམངས་ཀྱིས་ནུས་ཤུགས་མཉམ་དུ་བཏོན་ནས་མཐའ་མཚམས་སྟོབས་ ཆེར་དང་སྲ་བརྟན་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》ལ་གྲོས་ཞིབ་ཀྱང་གནང་བ།
         ཟླ་4ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་གནང་བ་དང་སྦྲགས་《དུས་རབས་གསར་པར་ཏང་སྲིད་དམག་ཉེན་དམངས་ཀྱིས་ནུས་ཤུགས་མཉམ་དུ་བཏོན་ནས་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》ལ་གྲོས་ཞིབ་ཀྱང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། འདི་ལོ་ནས་བཟུང་། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པ་དང་། སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་བླང་བྱ་གཞིར་བཟུང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ལས་དོན་ཏན་ཏིག་སྤེལ་བས་དཔལ་འབྱོར་འཁོར་རྒྱུག་ཐད་བརྟན་ཐོག་ལེགས་བརྩོན་གྱི་རྣམ་པ་ཞིག་རྒྱུན་འཁྱོངས་ཐུབ་ཡོད། དུས་ཚིགས་དང་པོའི་དམིགས་ཚད་གཙོ་བོ་སྤྱིར་ན་བརྟན་པོ་བྱུང་བ་དང་། མཐུན་སྦྱོར་རང་བཞིན་ཅུང་ལེགས་པོ་བྱུང་བ། ནང་མཁོ་སྐུལ་ཁྲིད་ནུས་པ་ཆེ་རུ་སོང་བ། བཟོ་ལས་དང་ཞབས་ཞུའི་ལས་རིགས་ཀྱི་མཐུན་སྦྱོར་རང་བཞིན་ཅུང་ཡག་པོ་བྱུང་ཡོད། དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་གྲུབ་ཆ་ལེགས་སྒྲིག་གི་འདེགས་སྐྱོར་ནུས་པ་འབུར་དུ་ཐོན་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ། ཐོན་ལས་གསར་པ་སྐྱེད་སྲིང་དང་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་རྣམ་པ་ལེགས་སུ་སོང་བ། དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་ནང་གནས་བརྟན་ལྷིང་རང་བཞིན་ཆེ་རུ་ནུས་ལྡན་སོང་བ། སྤུས་ཚད་དང་ཕན་འབྲས་ཐད་ཆུ་ཚད་ཅུང་མཐོ་པོ་ཞིག་རྒྱུན་འཁྱོངས་བྱུང་བ། སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འགོ་ཡག་པོ་རྩོམ་ཐུབ་པ་བྱུང་ཡོད།
         ཚོགས་འདུའི་ཐོག་བླང་བྱ་བསྟན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བཅས་བྱས་ནས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་སྟེ། དང་ཐོག“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཁ་ཕྱོགས་མི་འགྱུར་རྒྱུ་མཐའ་འཁྱོངས་བྱེད་པ། དངུལ་ལོར་སྲིད་ཇུས་བརྟན་པོ་དོ་སྙོམས་ཡོང་བ་བྱེད་པ། ཁྲིད་སྟོན་དང་སྔོན་དཔག་བྱ་རྒྱུར་སྣང་ཆེན་བྱེད་པ། གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་རྒྱུ་དང་ནང་མཁོ་རྒྱུན་མི་ཆད་པར་ཆེ་རུ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཁོག་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པ་བྱེད་དགོས་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། བྱེད་ཐབས་ཅན་བཅས་མང་ཙམ་སྤྱད་དེ་ཐོན་ནུས་ལྷག་འཕྲོའི་གནད་དོན་སེལ་བ། འགག་རྩའི་ལག་རྩལ་དང་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཐོན་ལས་གསར་པ་དང་། རྣམ་པ་གསར་པ། ལས་རྣམ་གསར་པ་བཅས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་མུ་མཐུད་བྱེད་པ། ཁྲལ་རིན་གཉིས་ཆག་བཅས་བྱས་ཏེ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དང་། ནུས་རྒྱུ་བེད་སྤྱོད། 
         ཟོག་འགྲེམས་བཅས་ཀྱི་མ་གནས་ཆུང་དུ་གཏོང་དགོས་པ། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་དགོས་པ། སྒྱུར་བཅོས་སྒོ་དབྱེར་དེ་བས་ཧུར་ཐག་དང་རང་འགུལ་ངང་སྐུལ་འདེད་གཏོང་བ་དང་གཞུང་ཁོངས་ཁེ་ལས་དང་། གཞུང་ཁོངས་རྒྱུ་ནོར། ནོར་ཁྲལ་དངུལ་རྩ་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གཏན་ལ་འཁེལ་བའི་སྒོ་དབྱེའི་བྱ་ཐབས་གལ་ཆེན་སྔ་ཙམ་དོན་འཁྱོལ་བྱེད་དགོས་པ། ཡིད་རྟོན་དངུལ་བུན་དང་། རྐང་དངུལ་ཁྲོམ་ར། བུན་འགན་ཁྲོམ་ར། འཛའ་ཐང་ཁྲོམ་ར། ཚོང་སྒྱུར་ཁང་པའི་ཁྲོམ་ར་བཅས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དུས་ཐོག་ཏུ་རྗེས་སྙེགས་ལྟ་སྐུལ་བྱས་ཏེ་མངོན་མེད་རྐྱེན་ངན་སེལ་དགོས་པ། དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འགག་རྩའི་དོན་ཆུང་ཐག་གཅོད་ཡག་པོ་བྱེད་དགོས་པ་བཅས་རེད།
         ཚོགས་འདུའི་ཐོག་བསྟན་དོན། ཏང་སྲིད་དམག་ཉེན་དམངས་ཀྱིས་མཉམ་དུ་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་དུ་གཏོང་བ་ནི་རང་རྒྱལ་གྱི་མཐའ་སྲུང་མཚོ་སྲུང་གི་ཁྱད་དུ་འཕགས་པའི་ལེགས་ཆ་ཞིག་ཡིན། དུས་རབས་གསར་པར་ཏང་སྲིད་དམག་ཉེན་དམངས་ཀྱིས་མཉམ་དུ་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་དུ་གཏོང་བའི་ལས་དོན་ཏན་ཏིག་སྤེལ་རྒྱུ་དེ་ཏང་གིས་མཐའ་སྲུང་མཚོ་སྲུང་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དེང་རབས་ཅན་གྱི་མཐའ་སྲུང་མཚོ་སྲུང་དཔུང་ཁག་སྟོབས་ཆེན་ཞིག་འཛུགས་སྐྲུན་བྱེད་པ་དང་སྲ་བརྟན་དུ་གཏོང་བའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་ཡིན། བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བ། འགན་འཁྲི་འཁུར་སེམས་དང་ཡར་བརྩོན་སྙིང་སྟོབས་ཆེ་རུ་གཏོང་བ། ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཐའ་སྲུང་མཚོ་སྲུང་དཔུང་ཁག་སྟོབས་ཆེན་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་སྲ་བརྟན་དུ་གཏོང་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པར་མཐའ་རྒྱུད་དང་མཚོ་རྒྱུད་ཀྱི་རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཏང་གི་མཐའ་སྲུང་མཚོ་སྲུང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཀྱི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་དོན་གལ་ཆེན་གྱི་རྩེ་རིམ་ཇུས་འགོད་དང་། སྤྱི་ཡོངས་བཀོད་སྒྲིག མཐུན་སྦྱོར་སྐུལ་འདེད་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་སྟོབས་ཤུགས་མཉམ་འདྲེས་དང་ལས་དོན་གཅིག་གྱུར་ཡོང་བ་ཏན་ཏིག་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཡག་པོ་བྱེད་པ། ཁྲིམས་བཞིན་མཐའ་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཐའ་སྲུང་མཚོ་སྲུང་གི་སྟོབས་ཤུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དམག་དམངས་མཉམ་འདྲེས་ཀྱིས་མཐའ་སྲུང་མཚོ་སྲུང་བྱེད་པའི་ལམ་བུ་ཞིག་གཏོད་པ། དམག་དཔུང་དང་ས་གནས་མཉམ་སྲུང་མཉམ་སྡོམ་ལ་སྐུལ་འདེད་གཏོང་བ། འབྲེལ་ཡོད་འགན་ལེན་བྱ་ཐབས་དོན་འཁྱོལ་བཅས་བྱེད་དགོས། མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན། དབུལ་སྒྲོལ་འགག་སྒྲོལ། མཐའ་དར་དམངས་ཕྱུག སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་བ་དང་མཐའ་རྒྱུད་དང་མཚོ་རྒྱུད་ས་ཁུལ་དང་ཁོངས་གཏོགས་མཚོ་ཁོངས་ཀྱི་བདེ་འཇགས་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྲུང་སྐྱོང་བྱེད་དགོས།
         ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།