མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ལི་ཧྥེ་ལི་ཕུའུ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 11:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ལི་ཧྥེ་ལི་ཕུའུ་དང་མཇལ་འཛོམས་གནང་བ།

           མི་དམངས་དྲ་བའི་འཕྲིན། ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་ཙུང་ལི་ཧྥེ་ལི་ཕུའུ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཙུང་ལི་ཧྥེ་ལི་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཙུང་ཐུང་མ་ཁེ་རུན་དང་སྐུ་ཞབས་ཙུང་ལི་རྣམ་གཉིས་ཀྱིས་ལོ་ཕྱེད་ནང་ཚུན་དུ་སྔ་རྗེས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་ཡོད། དེ་ཐོག་ནས་ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ལུགས་མཚོན་ཡོད་ལ་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་གསར་པའང་མཚོན་ཡོད། མིག་སྔར། འཛམ་གླིང་ལ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་། མཉམ་ལས་གཉིས་ཁེ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་མིག་དཔེ་བཟང་པོ་ཞིག་མུ་མཐུད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་ཡིན་པས་ཕྱོགས་གཉིས་པོས་རོགས་ཟླའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་དང་ལྟ་སྟངས་འདྲ་མཉམ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་མཐོང་ཆེན་དང་ལྟ་རྟོག་བྱེད་དགོས། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་གླེང་མོལ་སྤེལ་རེས་ཀྱི་ལམ་སྲོལ་དང་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་ནུས་ལྡན་གཏོང་བ་དང་། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་དང་གྲོས་མཐུན་བྱུང་བ་དག་དོན་འཁྱོལ་གང་མགྱོགས་བྱེད་པ། གཙོ་གནད་རྣམ་གྲངས་ཀྱི་སྣེ་ཁྲིད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་བཅས་བྱས་ནས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་མགྱོགས་མྱུར་བྱེད་དགོས། ཧྥ་རན་སེ་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ནང་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ལ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཧྥ་རན་སེ་དང་ཡོ་རོབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པར་བྱེད་འདོད་ཡོད། 
           ཕྱོགས་གཉིས་པོས་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་མཉམ་དུ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
          ཧྥེ་ལི་ཕུའུ་ཡིས་ཙུང་ཐུང་མ་ཁེ་ལུང་གིས་འདི་ལོའི་ལོ་འགོར་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་ཡོད། དེ་ཐོག་ནས་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ཀྱི་གལ་ཆེའི་རང་བཞིན་སླར་ཡང་མཚོན་ཡོད། ཀྲུང་གོར་ཕུགས་ཀྱི་འཆར་འགོད་ཡོད་ལ་ཏན་ཏན་ཏིག་ཏིག་ངང་བྱ་བ་སྒྲུབ་ཀྱི་ཡོད་པས་འཕེལ་རྒྱས་ལ་མི་རྣམས་ཡིད་སྨོན་དགོས་པ་ཞིག་ཡོད། ཧྥ་ཀྲུང་དབར་གྱི་འབྲེལ་བར་ཧྥ་རན་སེར་ཡིད་ཆེས་ཆེན་པོ་ཡོད་པས་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་དང་རིག་གནས་སྤེལ་རེས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་འབྲེལ་དམངས་སྤྱོད་ཉིང་རྡུལ་ནུས་པ་དང་། མཁའ་འགྲུལ་མཁའ་སྐྱོད་སོགས་ཀྱི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་ཀྱི་བསམ་བཀོད་ཅིག་ཡིན་པས་མིའི་རིགས་ཡོངས་ཀྱི་ཁེ་ཕན་དང་མཐུན་ཡོད། རྒྱལ་སྤྱིའི་བྱ་བའི་ནང་ཧྥ་རན་སེས་རང་ཚུགས་རང་བདག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་ཀྱི་ཡོད། ཕྱོགས་མང་རིང་ལུགས་ལ་འགྲན་རྩོད་འཕྲད་པའི་དུས་ད་ཆ་མཉམ་ལས་རོགས་ཟླ་བརྟན་པོ་ཞིག་ཡོང་བར་བྱ་རྒྱུ་ནི་ཧ་ཅང་རྩ་ཆེན་པོ་ཞིག་རེད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་ཐུན་མོང་ཐོག་གཞོལ་རྒྱུ་དང་ཆབས་ཅིག ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།