མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིའར་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 16:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           མི་དམངས་དྲ་བའི་འཕྲིན། ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིའར་དང་མཇལ་འཛོམས་གནང་བ་རེད།
             ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ནི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་དང་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ཀྲུང་ཕའི་དབར་ཕྱི་འབྲེལ་འབྲེལ་བ་གསར་པ་བཙུགས་ནས་ལོ་42རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ལྷག་དོན་དུ་2014ལོར་ང་དང་སྐུ་ཞབས་ཙུང་ལིའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཚུན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་གཉིས་ཁེ་མཉམ་ལས་ལོ་རྒྱུས་ཀྱི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་གཏིང་ཟབ་བྱེད་པ། སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་ཐོག་ནས་བདག་དབང་དང་། མངའ་ཁོངས་ཆ་ཚང་བ། རྒྱལ་ཁབ་ཀྱི་ལ་རྒྱ་བཅས་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། གཉིས་ཁེ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མཉམ་ལས་ཆེན་པོའི་ལས་དོན་ཡག་པོ་བསྒྲུབས་ཏེ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།