མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་<<སྣོད་བཅུད་ཤེས་དཔལ་
འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་
བསམ་འཆར་>>ལ་གྲོས་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་26ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་24ཉིན་ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་<<སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་>>ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀོང་ཏུང་དང་། ཐེན་ཅིན། ཕུའུ་ཅན་བཅས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་སྤྱིའི་ཇུས་གཞི་དང་སྔར་ལས་ལྷག་པའི་ངང་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེ་བྱེད་ཟབ་ཏུ་གཏོང་བའི་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ“ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད”མངོན་འགྱུར་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུ་དང་འབྲེལ་བ་ཡོད་ལ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། དེ་སྣོད་བཅུད་བཟང་བའི་ཁོར་ཡུག་ལ་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་སྐོང་རྒྱུ་དང་མི་དང་རང་བྱུང་ཁམས་ཞི་མཐུན་གོང་འཕེལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་ཐོག་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཐད་རིམ་མཐོའི་ཇུས་འགོད་དང་སྤྱིའི་བཀོད་སྒྲིག་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་། ལས་དོན་ཏན་ཏིག་སྒྲུབ་པ། སྐུལ་སྤེལ་ཧུར་ཐག་བཅས་བཏང་བས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་རྒྱུན་ཆད་མེད་པར་གལ་ཆེའི་འཕེལ་རྒྱས་གསར་པ་བྱུང་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ནས་བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཆ་འཕྲིན་ཅན། ཞིང་ལས་དེང་རབས་ཅན། སྔོ་ལྗང་ཅན་བཅས་གསར་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། “སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི”བསམ་བློ་བརྟན་པོ་འཛུགས་པ། གྲོན་ཆུང་གཙོ་བོར་འཛིན་པ་དང་། སྲུང་སྐྱོང་སྔོན་ལ་བྱེད་པ། རང་བཞིན་སླར་གསོ་ཐུབ་པ་བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། སྔོ་ལྗང་འཕེལ་རྒྱས་དང་། ཁོར་རྒྱུག་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་གཞི་རྩའི་ཐབས་ལམ་དུ་བརྩི་བ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་སྒུལ་ཤུགས་གསར་གཏོད་བྱ་རྒྱུ་གཞི་རྩའི་སྒུལ་ཤུགས་སུ་བརྩི་བ། སྣོད་བཅུད་རིག་གནས་སྐྱེད་སྲིང་བྱ་རྒྱུ་གལ་ཆེའི་འདེགས་སྐྱོར་དུ་བྱེད་པ། གཙོ་གནད་ཚད་བརྒལ་དང་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ་ལས་ཀའི་བྱ་ཐབས་སུ་བརྩི་བ་བཅས་ཀྱི་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
         ཚོགས་འདུའི་ཐོག་རྒྱལ་ཁབ་ས་ཆ་བར་མཐོངས་གསར་སྤེལ་བྱེད་སྟངས་ལེགས་སུ་གཏོང་བ་དང་། ལག་རྩལ་གསར་གཏོད་དང་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་འཁོར་རྒྱུག་ཕན་ཆེའི་ངང་བེད་སྤྱོད་བྱེད་པ། རང་བྱུང་སྣོད་བཅུད་མ་ལག་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་ཚད་བརྒལ་ཡོང་རྒྱུར་འབད་བརྩོན་བྱེད་དགོས། ངེས་པར་དུ་ཐོན་སྐྱེད་བྱེད་སྟངས་སྔོ་ལྗང་ཅན་དུ་འགྱུར་མགྱོགས་སུ་གཏོང་བ་དང་། ཚན་རྩལ་འདུས་ཚད་མཐོ་བ་དང་། ཐོན་ཁུངས་ཟད་གྲོན་ཆུང་བ། ཁོར་ཡུག་སྦགས་བཙོག་ཕོག་ཉུང་བ་བཅས་ཀྱི་ཐོན་ལས་གྲུབ་ཆ་དང་ཐོན་སྐྱེད་བྱེད་སྟངས་གཏོད་པ། དཔལ་འབྱོར་སྔོ་ལྗང་ཅན་དུ་འགྱུར་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། སྔོ་ལྗང་ཐོན་ལས་མགྱོགས་མྱུར་གོང་འཕེལ་གཏོང་བ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཕར་གཞི་གསར་པ་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་རིམ་མཐོའི་ཇུས་འགོད་དང་ས་གནས་ཀྱི་ལག་ལེན་ལ་སྐུལ་སྤེལ་གཏོང་རྒྱུ་ཟུང་འབྲེལ་གྱིས་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གཏིང་ཟབ་བྱས་ཏེ་བསྐྱར་བཟོ་དང་ཁྱབ་གདལ་ཐུབ་པའི་ཕན་ནུས་ལྡན་པའི་ཉམས་མྱོང་ཆགས་པ་བྱེད་དགོས། ཏང་ཡོངས་ཀྱི་གོང་འོག་ཚང་མས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་བརྩིས་ནས་ལྕགས་ལ་ཤུར་ཐོན་པ་དང་རྡོ་ལ་ལག་རྗེས་འཇོག་པའི་སྙིང་སྟོབས་ཀྱི་ཐོག་ནས་དངོས་འཛིན་དངོས་སྒྲུབ་དང་དམ་པ་དོན་གཉེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བརྗིད་ཆེའི་འཆར་འགོད་དེ་དོན་དངོས་སུ་འགྱུར་བ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་དུས་རབས་གསར་པ་ཧུར་ཐག་བཏོད་དེ་འཛམ་གླིང་གི་སྔོ་ལྗང་འཕེལ་རྒྱས་ལ་སྐུལ་འདེད་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཚོགས་འདུའི་ཐོག་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སླེབས་པའི་གནས་ཚུལ་འོག་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཐད་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ། ཉམས་མྱོང་གསར་པ་གསོག་འཇོག་བྱེད་ཆེད་སྤྱོད་པའི་གལ་ཆེའི་བྱ་ཐབས་ཤིག་རེད་ཅེས་མཛུབ་སྟོན་གནང་བ་རེད།