མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་ད་ལོའི་དཔལ་
འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ལས་འགན་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་16ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་ཆེད་2015ལོའི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་དང་། “ཧྭ་ལུང་དང་པོ”ཞེས་པའི་རབས་གསུམ་པའི་ཉིང་རྡུལ་གློག་འདོན་ལག་རྩལ་དཔེ་སྟོན་འཕྲུལ་འཁོར་སྒྲིག་སྦྱོར་མ་ལག་འཛུགས་སྐྲུན་བྱེད་རྒྱུར་ཞིབ་བཤེར་ཆོག་མཆན་སྤྲད་དེ་ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་བྱེད་རིང་དུ་འཕར་སྣོན་བརྟན་པོ་ཡོང་བར་སྐུལ་སྤེལ་གཏོང་རྒྱུའི་གྲོས་ཐག་བཅད་པ་རེད།
          གྲོས་ཚོགས་ཐོག་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་2015ལོའི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་གཙོ་གནད་ལས་འགན་སྐོར་གྱི་སྙན་སེང་ཉན་པ་དང་། གྲོས་ཚོགས་ནས་ཀྲུང་དབྱང་གི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་ད་ལོའི་བསྒྱུར་བཅོས་ལས་དོན་གྱི་གཙོ་གནད་ལ་གཞིགས་ཏེ་ལོ་འཁོར་མོའི་ཁྱད་ཆོས་ལྡན་ལ་ཡུན་རིང་འཕེལ་རྒྱས་ལའང་ཕན་ནུས་ལྡན་པའི་བསྒྱུར་བཅོས་ལག་ལེན་བསྟར་བ་དམ་འཛིན་བྱས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་ལས་སྒུལ་ཤུགས་ཐོན་པ་དང་། བསྒྱུར་བཅོས་བྱེད་པར་བརྟེན་ནས་དཀའ་གནད་སྒྲོལ་བ་དང་འགལ་རྐྱེན་སེལ་ཐབས་བཅས་བྱས་ཏེ་ <<སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་>>ནང་གཏན་ལ་ཕབ་པའི་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་ཡུལ་དང་ལས་འགན་གཙོ་བོ་ལེགས་འགྲུབ་བྱེད་ཆེད་སྒྲིལ་སྲོལ་ཐོག་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་བསྟན་པ་དང་། གྲོས་ཚོགས་ཐོག་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ནོར་ཁྲལ་དངུལ་རྩ། ཞིང་ལས་དང་གྲོང་གསེབ། ཕྱི་ཕྱོགས་ལ་སྒོ་འབྱེད་པ། དམངས་འཚོར་འགན་སྲུང་ལ་སོགས་པའི་ཐད་ཀྱི་བསྒྱུར་བཅོས་ལས་འགན་རྣམ་གྲངས་38ལག་བསྟར་བྱེད་རྒྱུར་བླང་བྱ་ཞིབ་ཕྲ་བཏོན་པ་མ་ཟད། གྲོས་ཚོགས་ཐོག་གཅིག་ནས་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་རྒྱུའི་ལྟེ་གནད་འདིར་དམིགས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་དང་། ལྷོད་གཏོང་དང་དོ་དམ་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་མིག་སྔར་མདུན་དུ་ལྷགས་པའི་འགལ་བ་གཏིང་ཟབ་པོ་འབུར་དུ་ཐོན་པ་དང་དཔལ་འབྱོར་ལ་ཉམས་སྐྱོན་ཐེབས་པའི་གནོན་ཤུགས་ཆེ་རུ་སོང་བ་སོགས་ཀྱི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་ནས་ཚོང་རར་གྲུང་སྐུལ་དང་འཕེལ་ཤུགས་སྐུལ་སྤེལ་བྱེད་པའི་བསྒྱུར་བཅོས་བྱེད་ཐབས་ཁག་གཅིག་དམིགས་སུ་བཀར་ནས་སྔོན་ལ་སྤེལ་དགོས་པ། གསུམ་ནས་བསྒྱུར་བཅོས་བྱེད་ཐབས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཚོང་རའི་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་སྔར་ལས་མང་བ་བྱེད་དགོས་པ། བཞི་ནས་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུའི་སྲིད་ཇུས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་ཤུགས་ཆེན་བྱེད་དགོས་པ་ལས་ལྷོད་གཡེང་དུ་གཏོང་མི་རུང་བ། ལྔ་ནས་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་བྱེད་སེམས་སྐུལ་སློང་གང་ལེགས་བྱེད་དགོས་པ་བཅས་ནན་བཤད་ཀྱང་བྱས་པ་རེད།