མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་ཞལ་པར་བསྐྱོན་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་23ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་ཞལ་པར་བསྐྱོན་རེས་གནང་བ་རེད།
          ཞིས་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྤྱིའི་ཆ་ནས་འཕེལ་རྒྱས་ཡག་པོ་བྱུང་ནས་རྒྱལ་ཁབ་གཉིས་དབར་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་བྱུང་བ་དང་འབྲེལ་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བརྟན་པོ་ཐེབས་པའི་ཐོག་རྒྱལ་སྤྱི་དང་། ས་ཁུལ། གོ་ལ་ཧྲིལ་པོ་བཅས་ཀྱི་གནད་དོན་གལ་ཆེན་ཐད་འབྲེལ་བ་དང་མཐུན་སྦྱོར་ཟབ་མོ་བྱ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རེས་སྐོར་བདུན་པའི་ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་གླེང་མོ་དང་རེས་སྐོར་དྲུག་པའི་ཀྲུང་ཨའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཐད་ཀྱི་མཐོ་རིམ་གྲོས་མོལ་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། སྐུ་ཞབས་ཙུང་ཐུང་གི་གདན་ཞུས་ལྟར་ངས་ཟླ་བ་དགུ་པར་ཨ་རིར་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་ཡིན། ངས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཨའོ་པ་མས་ཨ་རིའི་མི་དམངས་དང་ངས་ཀྲུའུ་ཞི་ཞིས་ཅིན་ཕིང་འདི་ལོའི་ཟླ་9པར་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་རྒྱུར་རེ་སྒུག་བྱེད་པ་དང་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་འཚམས་འདྲི་གལ་ཆེན་དེར་གྲ་སྒྲིག་ནན་ཏན་བྱེད་བཞིན་ཡོད། སླད་ཕྱིན་གྱི་དུས་ཚོད་ནང་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གྲོས་མོལ་ཧུར་ཐག་བྱས་ནས་འཚམས་འདྲིར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཨའོ་པ་མས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་གྲོས་མོལ་ལ་ཕྱོགས་ཡོངས་ནས་གྲོས་མཐུན་བཞག་པར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ནུས་པ་ཧ་ཅང་གལ་འགངས་ཆེན་པོ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་རྒྱུས་རང་བཞིན་གྱི་གྲོས་མཐུན་འཇོག་ཆེད་ཕུལ་བའི་ལེགས་སྐྱེས་ལ་ཨ་རི་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་མཐུན་སྦྱོར་མཉམ་ལས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཕྱོགས་ཡོངས་ཀྱི་གྲོས་མཐུན་ལག་བསྟར་ཐུབ་རྒྱུའི་འགན་ལེན་བྱེད་འདོད་ཡོད། དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་ཀྱི་ཨ་ཀྲུང་གི་མཉམ་ལས་ལས། ཕྱོགས་གཉིས་པོས་མཉམ་ལས་ལ་འབད་བརྩོན་བྱས་ཚེ་ང་ཚོས་གནམ་གཤིས་འགྱུར་ལྡོག་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་པའི་འཕྲོད་བསྟེན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་ཐུབ་པ་གསལ་བཤད་བྱས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་ལ་ཕྱོགས་ཡོངས་ཀྱི་གྲོས་མཐུན་བཞག་ཐུབ་པ་ལས། རྒྱལ་སྤྱིའི་ཐོག་ཉིང་རྡུལ་མི་མཆེད་པའི་མ་ལག་ལ་སྲུང་སྐྱོང་ནུས་ལྡན་བྱུང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་གྲོས་མོལ་བརྒྱུད་རྩོད་གཞི་ཆེན་པོ་ཐག་གཅོད་བྱེད་པའི་ཕན་ཡོད་ཀྱི་ཉམས་མྱོང་མཁོ་འདོན་བྱས་ནས། འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་རྟགས་ཤིག་བཏང་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས། ཉིང་རྡུལ་ལ་ཕྱོགས་ཡོངས་ནས་གྲོས་མཐུན་བཞག་ཆོག་པ་དེས། ཕྱོགས་ཡོངས་ཀྱི་གྲོས་མཐུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་དང་རྒྱབ་སྐྱོར་ཐོབ་པ་མཚོན་ཡོད། དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་ཀྱི་གྲོས་མོལ་བརྒྱུད་རིམ་ནང་ཀྲུང་ཨ་ཕྱོགས་གཉིས་ཀྱིས་འབྲེལ་བ་དང་མཐུན་སྦྱོར་དམ་ཟབ་བྱས་པ་དེ་ནི་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་བཙུགས་པའི་མཚོན་བྱེད་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་དགེ་མཚན་ལྡན་པའི་མཉམ་ལས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ཀྱི་གྲོས་མཐུན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་འགན་ལེན་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།