མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞིས་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ལེ་པེ་ཀེ་རྡོར་རྗེས་ཀྲུང་མོང་
དངོས་མང་སྟོན་ཚོགས་སྐབས་དང་པོར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     མི་དམངས་དྲ་བའི་འཕྲིན།  ཟླ་10ཚེས་23ཉིན་ཀྲུང་མོང་དངོས་མང་སྟོན་ཚོགས་སྐབས་དང་པོ་ནང་སོག་ཧུའུ་ཧོ་ཧའོ་ཐེར་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ལེ་པེ་ཀེ་རྡོར་རྗེས་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
         ཞིས་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་དངོས་མང་སྟོན་ཚོགས་གཉེར་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ་དང་དངོས་མང་སྟོན་ཚོགས་ནང་ཞུགས་མཁན་སྐུ་མགྲོན་ཚང་མར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་མོང་དངོས་མང་སྟོན་ཚོགས་ནི་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་དང་གོ་ལ་ཧྲིལ་པོར་ཕྱོགས་པའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམས་ཚོགས་ཤིག་ཡིན། སྐབས་དང་པོའི་ཀྲུང་མོང་དངོས་མང་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“རྩྭ་ཐང་ཐོག་ཏུ་མཉམ་དུ་སྐྱོད། དར་གོས་ལམ་བུ། མཉམ་ལས་འཕེལ་རྒྱས་ཀྱི་བར་ཁྱམས་དང་སྦྲེལ”ཞེས་པ་དེ་ཡིན་ཞིང་། ཀྲུང་མོང་དང་ཐ་ན་ཨེ་ཤེ་ཡ་བྱང་ཤར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་སྟེགས་བུ་གལ་ཆེན་དུ་འགྱུར་རྒྱུ་དང་། དེས་ཀྲུང་མོང་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མོང་གོལ་རྒྱལ་ཁབ་ཀྱི“རྩྭ་ཐང་ལམ་བུའི”འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་མོང་གོལ་རྒྱལ་ཁབ་དང་མཉམ་དུ་ཁྱབ་ཁོངས་ཁག་གི་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
         ཨེ་ལེ་པེ་ཀེ་རྡོར་རྗེས་རྟེན་འབྲེལ་གློག་འཕྲིན་ནང་མོང་ཀྲུང་དངོས་མང་སྟོན་ཚོགས་སྐབས་དང་པོ་གཉེར་བ་དེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་མ་ཐེབས་རྒྱུ་དང་རིག་གནས་དང་། སྒྱུ་རྩལ། འཕྲོད་བསྟེན། ལུས་རྩལ་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པར་དོན་སྙིང་གལ་ཆེན་ལྡན་ཡོད། དངོས་མང་སྟོན་ཚོགས་འདི་ཉིད་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་སྟེགས་བུ་གསར་པར་གྱུར་ནས་མོང་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དང་སྐུལ་འདེད་ལ་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཀྲུང་མོང་དངོས་མང་སྟོན་ཚོགས་ལོ་གཉིས་རེར་ཧུའུ་ཧོ་ཧའོ་ཐེ་རུ་ཐེངས་གཅིག་གཉེར་རྒྱུ་ཡིན་པ་རེད།