མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཐའེ་དབན་བསྐྱར་གསོ་བྱུང་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་
རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 16:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     མི་དམངས་དྲ་བའི་འཕྲིན། ཐའེ་དབན་བསྐྱར་གསོ་བྱུང་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཚེས་23ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་《ཐུན་མོང་ཐོག་ལོ་རྒྱུས་སེམས་ལ་ངེས། ཐུན་མོང་ཐོག་རླབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གནང་བ་རེད།
     ཡུས་ཀྲེང་ཧྲེང་གིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་ཐའེ་དབན་བསྐྱར་གསོ་བྱུང་བ་དེས་ཉེ་རབས་ཚུན་ཀྲུང་གོར་ཕྱིའི་བཙན་འཛུལ་ཐེངས་མང་ཕོག་པའི་མི་རིགས་ཀྱི་མཚན་ཤད་མེད་པ་བཟོས་ཡོད་ལ་འཛམ་གླིང་ཐོག་གི་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གནས་བབ་ཀྱང་སླར་ཡང་འཛུགས་ཐུབ་པ་བྱུང་བ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ཡང་བཏོད་ཡོད། ང་ཚོས་ཐའེ་དབན་བསྐྱར་གསོ་བྱུང་བར་དྲན་གསོ་ཞུ་བ་དེ་ནི་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་ངེས་པ་དང་། སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་རྗེས་དྲན་བྱེད་པ། རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ། ཞི་བདེ་འཕེལ་རྒྱས་ཐུན་མོང་ཐོག་དོན་གཉེར་བྱེད་པ་བཅས་བྱས་ཏེ་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུར་གཞོལ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
     ཡུས་ཀྲེང་ཧྲེང་གིས་ཐའེ་དབན་མེས་རྒྱལ་གྱི་པང་དུ་ལོག་པ་དེ་ནི་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་རི་འགོག་དམག་འཁྲུག་གི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ཤིག་ཡིན། 1949ལོ་ཚུན་ནས་བཟུང་ངོགས་གཉིས་གཅིག་གྱུར་བྱུང་མེད་མོད། འོན་ཀྱང་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ཁ་བྲལ་མྱོང་མེད་ལ་སྐམ་ས་ཆེ་མོ་དང་ཐའེ་དབན་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་དོན་དངོས་དེར་འགྱུར་ལྡོག་ཕྱིན་མེད། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་དང་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པའི་གནས་བབ་སྲུང་སྐྱོང་བྱ་རྒྱུ་དེར་འགྱུར་ལྡོག་འགྲོ་མི་སྲིད་ལ་དེ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་བླ་ན་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན། ངོགས་གཉིས་ཀྱི་སྤུན་ཟླར“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ལྐོག་གཡོ་མཐའ་དག་ཕམ་ཉེས་སུ་གཏོང་བ་དང་། ཐའེ་དབན་མཚོ་འགག་གི་ཞི་བདེ་སྲུང་སྐྱོང་། ངོགས་གཉིས་ཀྱི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་ཆོད་སེམས་དང་ནུས་པ་ཡོད་ཅེས་གསུངས་པ་རེད།
     ཡུས་ཀྲེང་ཧྲེང་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས། གལ་འགངས་ཆེ་ཤོས་ནི“གོ་གཉིས་ལོའི་ངོས་འཛིན་གཅིག་མཐུན”དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་མཐའ་འཁྱོངས་བྱས་ནས་སྐམ་ས་ཆེ་མོ་དང་ཐའེ་དབན་ནི་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དེ་ཁས་ལེན་རྒྱུ་དེ་ཡིན། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ངོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞིར་གཏོར་བཤིག་གཏོང་བའི་གཏམ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ལས་སླ་པོར་ཐོབ་པ་ཞིག་མིན་པའི་ཐའེ་དབན་གྱི་ཞི་བདེ་དང་ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཟིན་པ་ཤོར་མི་རུང་ཞེས་ནན་བཤད་གནང་བ་རེད།
     ཡུས་ཀྲེང་ཧྲེང་གིས་ངོགས་གཉིས་ཀྱི་སྤུན་ཟླ་ནི་ཤ་རུས་འདྲེས་པའི་ཁྱིམ་ཚང་གཅིག་གི་མི་ཡིན་པ་དང་དཀའ་སྡུག་མཉམ་མྱོང་བྱེད་མྱོང་ཡོད་ལ་ཐུན་མོང་གི་ལོ་རྒྱུས་ཀྱང་བརྒྱུད་མྱོང་ཡོད། ང་ཚོས་སྤུན་ཟླ་ཐའེ་དབན་བར་དམིགས་བསལ་ལོ་རྒྱུས་ཀྱི་གོད་ཆག་འཕྲད་པར་བསམ་ཤེས་བྱེད་ཀྱི་ཡོད། དེ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་ལོ་རྒྱུས་ཀྱི་རྨ་ཁ་ཞིག་རེད།
     ངོགས་གཉིས་དབར་གྱི་རྙོག་འཛིང་ཆེ་བའི་འགལ་ཟླ་དང་ཕྱོགས་འགལ་དེ་དག་ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ངོགས་གཉིས་ཀྱིས་འདྲ་མཉམ་གྱི་སྒོ་ནས་ཐག་གཅོད་བྱེད་ཐབས་གྲོས་མོལ་དང་ཞིབ་དཔྱད་བྱེད་འདོད་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩི་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྤུན་ཟླ་ཐའེ་དབན་བ་དང་མཉམ་དུ་སྐམ་ས་ཆེ་མོའི་གོ་སྐབས་སྔོན་ལ་ལོངས་སུ་སྤྱོད་པ་དང་འབྲེལ་སྤུན་ཟླ་ཐའེ་དབན་བར་དོན་དངོས་དང་བྱ་བ་བཟང་པོ་ཧུར་ཐག་སྒྲུབ་སྟེ་ངོགས་གཉིས་ཀྱི་སྤུན་ཟླ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
     ཡུས་ཀྲེང་ཧྲེང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་ངོགས་གཉིས་ཀྱི་འབྲེལ་བའི་མདུན་ལམ་དང་དམ་པོར་འབྲེལ་ཡོད་ལ། ང་ཚོ་ཚང་མས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱ་རྒྱུ་དང་དམ་པོར་འབྲེལ་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་སྔོན་བྱོན་མི་རབས་ཚོའི་ཕུགས་འདུན་སེམས་ལ་བརྟན་པོར་ངེས་ནས་དུས་རབས་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་མཐོང་བ་བྱེད་པ་དང་འབྲེལ། ཀྲུང་ཧྭ་མི་རིགས་ཧྲིལ་པོའི་ཁེ་ཕན་གཙོ་བོར་དང་འགན་འཁྲི་ཁུར་ཕོད་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྔ་ཙམ་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།