མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་ཁག་དང་པོའི་རྒྱལ་ཁབ་སྣོད་བཅུད་སྐྱེད་ཚལ་གྲོང་ཁྱེར་གྱི་མིང་ཐོ་བསྒྲགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་31ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་29ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་གསར་འགྱུར་བརྡ་སྦྱོར་ཚོགས་འདུ་འཚོགས་ནས་ཀྲུང་གོའི་ཁག་དང་པོའི་རྒྱལ་ཁབ་སྣོད་བཅུད་སྐྱེད་ཚལ་གྲོང་ཁྱེར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་ཞུའེ་ཀྲོའུ་དང་། སུའུ་ཀྲོའུ། ཁུན་ཧྲན། ཧྲོའུ་ཀོང་། ཀྲུའུ་ཧའེ། ནན་ཉིང་། པའོ་ཅི་སོགས་གྲོང་ཁྱེར་བདུན་ཚུད་ཡོད། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུཌ་སྐྲུན་པུས་ད་དུང་ཧོ་པེ་ཚང་ཀྲོའུ་གྲོང་ཁྱེར་སོགས་གྲོང་ཁྱེར་46“རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར”དུ་བདམས་པ་དང་། ཧོ་པེ་ཀའོ་དབྱི་རྫོང་སོགས་རྫོང་གྲོང་78“རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང”དུ་བདམས་པ། ཧྲན་ཤིས་པ་ཀུང་གྲོང་རྡལ་སོགས་གྲོང་རྡལ་11“རྒྱལ་ཁབ་སྐྱེད་ཚལ་གྲོང་རྡལ”དུ་བདམས་པ་བཅས་ཁྱབ་བསྒྲགས་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་1992ལོ་ནས་བཟུང་སྐྱེད་ཚལ་གྲོང་ཁྱེར་གཏོད་པའི་ལས་དོན་སྒྲིག་འཛུགས་ཀྱིས་སྤེལ་ཞིང་། མིག་སྔའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཕྱེད་ཀ་ལྷག་ཙམ་(310)དང་རྫོང་གྲོང་བཅུ་ཆ་གཅིག་(212)ཏུ་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་(རྫོང་གྲོང)གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཡོད། འཛུགས་གཏོད་བྱེད་འགོ་འཛུགས་པའི་ཐོག་མའི་དུས་དང་བསྡུར་ན་། རང་རྒྱལ་གྲོང་ཁྱེར་གྱི་ལྗང་ས་བསྡོམས་འབོར་ལྡབ་4.7འཕར་བ་དང་། མི་རེའི་ཆ་སྙོམས་སྤྱི་གླིང་ལྗང་ས་རྒྱ་ཁྱོན་ལྡབ་6.3མཐོ་རུ་ཕྱིན་པ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་སྤྱི་གླིང་གི་རྒྱ་ཁྱོན་ལྡབ་8འཕར་བ་བཅས་རེད།