མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་སྒྱུར་བཅོས་
བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་
གཏོང་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཚེས་23ཉིན་བརྙན་འཕྲིན་ཚོགས་འདུ་འཚོགས་ཏེ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་གསོ་སྦྱོང་རྒྱུགས་སྤྲོད་ལམ་ལུགས་སྒྱུར་བཅོས་དང་ལག་བསྟར་གྲ་སྒྲིག་བྱས་ཚུལ་བརྡ་ཁྱབ་བཏང་ནས་ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་ལམ་ལུགས་སྒྱུར་བཅོས་ལག་ལེན་དང་འགྲིམ་འགྲུལ་དོ་དམ་སྤྱི་ཡོངས་སྒྱུར་བཅོས་སྐུལ་གཏོང་དོན་འཁྱོལ་ཐད་སླར་ཡང་སྐུལ་སློང་དང་། བཀོད་སྒྲིག ནན་བཤད་བཅས་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བརྒྱུད་སྤེལ་བྱས་པའི་སྤྱི་བདེ་པུའུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་གསོ་སྦྱོང་རྒྱུགས་སྤྲོད་ལམ་ལུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》གྱི་བླང་བྱ་གཞིར་བཟུང་། སྤྱི་བདེ་པུས་ལམ་ལུགས་བཟོས་པ་དང་འཐུས་ཚང་དུ་བཏང་བ་དང་། 《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་གཏན་འབེབས་》(སྤྱི་བདེ་པུའི་བཀའ་རྒྱ་ཨང་139)ལ་བཟོ་བཅོས་བརྒྱབ་པ། སྒྲིག་སྲོལ་རྣམ་པའི་ཐོག་ནས་སྒྱུར་བཅོས་བྱེད་ཐབས་ཞིབ་ཚགས་སུ་དང་བརྟན་དུ་བཏང་ཡོད། སྤྱི་བདེ་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རང་སྦྱོང་རྒྱུགས་སྤྲོད་ས་ཚིགས་སྐོར་གྱི་སྤྱི་བསྒྲགས་》ཡོངས་བསྒྲགས་བྱས་ཏེ་རང་སྦྱོང་རྒྱུགས་སྤྲོད་ཚོད་ལྟའི་ས་ཚིགས་ཀྱི་ཁྱབ་ཁོངས་དང་ཆ་རྐྱེན་ཐད་ཀྱི་བླང་བྱ་གཏན་འབེབས་བྱས་ཡོད། སྤྱི་བདེ་པུའུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུས་མཉམ་འབྲེལ་ཐོག་《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་གསོ་སྦྱོང་རྒྱུགས་སྤྲོད་ལམ་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་སྟེ་སྒྱུར་བཅོས་སྐུལ་གཏོང་ལས་དོན་ཐད་བཀོད་སྒྲིག་བྱས་ནས་ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་བྱེད་ཐབས་ཁག་དོན་འཁྱོལ་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཡོད། འདི་ལོའི་ཟླ་4ཚེས་1ཉིན་ནས་བཟུང་སྤྱི་བདེ་པུའི་བཀག་རྒྱ་ཨང་139ལག་ལེན་བསྟར་འགོ་ཚུགས་པ་དེ་ཐོག་ནས་ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་ལམ་ལུགས་སྒྱུར་བཅོས་བྱེད་འགོ་ཚུགས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པའི་རང་སྦྱོང་རྒྱུགས་སྤྲོད་ཚོད་ལྟ་བྱེད་འགོ་ཚུགས་པ། ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་པའི་ཞབས་ཞུའི་བྱེད་ཐབས་གསར་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་བཅས་མཚོན་ཡོད་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། རང་སྦྱོང་རྒྱུགས་སྤྲོད་ཚོད་ལྟ་དང་རང་བདག་མིང་འགོད་རྒྱུགས་སྤྲོད་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་དེ་ནི་ཀུན་གྱིས་གླེང་མང་བའི་གནད་དོན་དང་། གཙོ་གནད། དཀའ་གནད་བཅས་ཡིན། རང་སྦྱོང་རྒྱུགས་སྤྲོད་ས་ཚིགས་ཀྱི་ལས་འགན་ཁུར་བའི་གྲོང་ཁྱེར་16དག་གིས་ལས་སྒོའི་རྒྱུད་རིམ་ལེགས་སྒྲིག་དང་། ནང་སྦྱོང་ལམ་ཐིག་བཟོ་བ། མཚོན་རྟགས་འཛུགས་པ། ཁྲིམས་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་གྲ་སྒྲིག་ལས་དོན་ལེགས་གྲུབ་བྱེད་དགོས། གཏན་འབེབས་ལས་འགལ་ནས་འགྲོ་ལམ་ཐོག་རླངས་འཁོར་སྦྱོང་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ་རླངས་འཁོར་སྦྱོང་བའི་ལམ་དུམ་བུའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱེད་དགོས། རང་སྦྱོང་རྒྱུད་རིམ་ཁྲོད་ཐོན་པའི་འགྲིམ་འགྲུལ་ལས་འཛོལ་ཐད་ཁྲིམས་ལྟར་ཞིབ་བཤེར་དང་ཐག་གཅོད་བྱས་ཐོག་གུན་གསབ་བྱེད་རོགས་བྱེད་དགོས། རྗེས་སྙེག་དཔྱད་དཔོག་ལས་དོན་སྤེལ་ནས་ཚོད་ལྟའི་ཕན་འབྲས་ཕྱོགས་སྡོམ་བྱེད་པ་དང་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་ཐུབ་པ་བྱས་ཐོག་དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱེད་དགོས་པ་བཅས་རེད།
         ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་ཆ་ཁག་གིས་ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་ཕན་འབྲས་ལས་མང་ཚོགས་ལ་ཕན་པ་ཏན་ཏིག་ཐོབ་ཐུབ་པ་བྱེད་པ་དང་། ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་མཁན་ཚོར་སྟབས་བདེ་སྔར་བས་བསྐྲུན་དགོས། རྒྱུགས་སྤྲོད་གོ་སྐབས་སྤྲོད་མང་དུ་གཏོང་བ་དང་། སྤྱི་ཚོགས་རྒྱུགས་ར་སྤྱོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཆེད་ལས་པ་དང་ཞོར་སྐྱོང་བ་དང་སྤྱི་ཚོགས་ཀྱི་རྒྱུགས་སྤྲོད་མི་སྣ་མང་དུ་གཏོང་བ། རྫོང་རིམ་པར་རྒྱུགས་སྤྲོད་ལས་སྒོ་གཤམ་སྤྲོད་བཅས་བྱས་ཏེ་རྒྱུགས་སྤྲོད་གོ་སྐབས་ཉུང་བ་དང་མང་ཚོགས་འགྲོ་འོང་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། སྤྱི་ཚོགས་རྒྱུགས་ར་སྤྱད་དེ་དྲང་སྙོམས་འགྲན་རྩོད་དང་ཡོངས་བསྒྲགས་ལེགས་འདེམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་གོ་རིམ་ཧྲིལ་པོར་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ངོ་བོ་འགྱུར་བའི་ཞིབ་བཤེར་ཆོག་མཆན་དང་ལྐོག་ཏུ་བཀོལ་སྤྱོད་བྱ་རྒྱུ་སྔོན་འགོག་བྱེད་དགོས། ལས་ཀའི་རྒྱུད་རིམ་ལེགས་སྒྲིག་བྱེད་པ་དང་། ཞབས་ཞུའི་སྐར་ཁུང་མང་དུ་གཏོང་བ། དོན་གཅོད་རྒྱུད་རིམ་ལེགས་སུ་གཏོང་བ། དྲིལ་བསྒྲགས་གསལ་འདེབས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་ལམ་ལུགས་སྒྱུར་བཅོས་ནང་བཏོན་པའི་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་ཟླ་4ཚེས་1ཉིན་ནས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་རེད།