མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་ཞིབ་འཇུག་སློབ་མ་བསྡུ་བར་སྤྱི་བསྒྲགས་བྱས་མེད་པའི་སློབ་མ་བསྡུས་མི་
ཆོག་པའི་བརྡ་ཐོ་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། 2016ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ལས་དོན་མིག་སྔར་སྤེལ་བཞིན་ཡོད་པ་དང་། སློབ་གསོ་པུས་ཚེས23ཉིན་བརྡ་ཐོ་བཏང་ནས་སློབ་བསྡུའི་ཚན་པ་ཁག་དང་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་བསྐྱར་རྒྱུགས་སློབ་བསྡུའི་དུས་མཚམས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་སློབ་བསྡུའི་ཚན་པས་སྤྱི་བསྒྲགས་བྱས་མེད་པའི་རྒྱུགས་ལེན་སློབ་མ་གཅིག་ཀྱང་བསྡུ་མི་ཆོག་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་སློབ་བསྡུའི་ཚན་པ་ཁག་གིས་གཏན་འབེབས་ལྟར་བསྐྱར་རྒྱུགས་བསྡུ་ལེན་བྱེད་ཐབས་དང་། སློབ་བསྡུའི་མི་གྲངས། བསྐྱར་རྒྱུགས་ནང་ཞུགས་མཁན་སློབ་མའི་མིང་ཐོ་དང་བསྡུ་ལེན་བྱེད་རྩིས་ཡོད་པའི་སློབ་མའི་མིང་ཐོ་སོགས་གལ་ཆེའི་སློབ་བསྡུའི་ཆ་འཕྲིན་དུས་ཐོག་དང་། ཆ་ཚང་བ། ཚད་ལྡན་བཅས་ཀྱི་ཐོག་ནས་ཡོངས་བསྒྲགས་ངང་སྤྱི་བསྒྲགས་སྤེལ་དགོས་པ་དང་། ལྷག་པར་དུ་དམིགས་བསལ་ངང་བསྐྱར་རྒྱུགས་ནང་ཞུགས་མཁན་དང་། ཆེད་དོན་འཆར་འགོད། ཐོག་མའི་རྒྱུགས་ལེན་གྱི་སྐར་སྣོན་ནམ་ཡང་ན་ལྟ་རྟོག་སྲིད་ཇུས་ལོངས་སྤྱོད་བྱེད་མཁན། ཁེར་རྐྱང་ངང་རྒྱུགས་ལེན་པ་སོགས་སློབ་བསྡུའི་རིགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་བསྡུའི་ཚན་པས་སྤྱི་བསྒྲགས་བྱས་མེད་པའི་རྒྱུགས་ལེན་སློབ་མ་གཅིག་ཀྱང་བསྡུ་མི་ཆོག་ལ་སློབ་གྲྭའི་སྐྱིད་སྡུག་ནང་ཐོ་འགོད་བྱས་མི་ཆོག་ཅེས་བཤད་ཡོད་པ་རེད།
         བརྡ་ཐོའི་ནང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དོ་དམ་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བ་དང“སུས་ཡོངས་བསྒྲགས་བྱེད་པ་དེས་འགག་སྒོ་དམ་སྲུང་བྱེད་པ”དང“སུས་ཡོངས་བསྒྲགས་བྱས་པ་དེས་འགྲེལ་བཤད་རྒྱག་དགོས་པའི”རྩ་དོན་ལ་གཞིགས་ནས་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་ཞིབ་བཤེར་གཏན་འཁེལ་གྱི་ཞིབ་དཔྱད་ཆོག་མཆན་དང་བློ་འདྲིའི་འགྲེལ་བཤད་ལས་དོན་ཡག་པོ་སྒྲུབ་དགོས། སློབ་བསྡུའི་ཚན་པ་ཁག་གིས་ཐེར་འདོན་གོང་ཞུའི་ཁ་པར་རམ་ཡང་ན་སྦྲག་སྒམ་ཡོངས་བསྒྲགས་བྱས་ཏེ་ཞུ་འབུལ་དང་ཐེར་འདོན་གོང་ཞུའི་ཐབས་ལམ་འཐུས་ཚང་དུ་གཏོང་བ་དང་འབྲེལ་ཤར་གཏོང་ཐུབ་པ་བྱས་ཐོག་རྒྱུགས་ལེན་སློབ་མས་བཏོན་པའི་གནད་དོན་དུས་ཐོག་ཏུ་ཞིབ་དཔྱད་ཐག་གཅོད་བྱས་ཏེ་རྒྱུགས་ལེན་སློབ་མའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         དེ་དང་ཆབས་ཅིག་2016ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་ལེན་གྱི་ལས་དོན་ཁྲོད“དགོས་མཁོར་གཞིགས་ནས་སློབ་བསྡུ་བྱེད་པ་དང་། སྤྱོད་ཡོན་དང་། ཤེས་རིག གཟུགས་གཞི་བཅས་ཕྱོགས་ཡོངས་ནས་དོ་སྙོམས་ཡོང་བ་བྱེད་པ། ལེགས་འདེམས་བསྡུ་ལེན། སྤྱོད་ཡོན་ཞན་པའི་རིགས་མི་བསྡུ་བ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་རྒྱུགས་ལེན་སློབ་མའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་ཀུན་སྤྱོད་དཔྱད་ཞིབ་ལ་ཤུགས་སྣོན་ཧུར་ཐག་རྒྱག་དགོས།