མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་4ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། ཧྲན་ཏུང་ཅི་ནན་གྱི་རིམས་འགོག་སྨན་ཁབ་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་སྐོར་གྱི་གྱོད་གཞི་རབ་དང་རིམ་པ་བརྟག་ཞིབ་ཐག་གཅོད་བྱེད་ཚུལ་གྱི་སྙན་ཞུ་གསན་རྗེས་འགན་འཁུར་བ་ཁག་གཅིག་ལ་སྔོན་ལ་འགན་འཁྲི་རྩད་གཅོད་བྱེད་རྒྱུ་དང་། 《〈རིམས་འགོག་སྨན་ཁབ་འཁོར་རྒྱུག་དང་རིམས་འགོག་སྨན་འདེབས་དོ་དམ་སྲོལ་ཡིག་〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་》བརྒྱུད་ལམ་ལུགས་ཀྱི་ལྟ་སྐུལ་དོ་དམ་ཐད་ཤུགས་སྣོན་རྒྱག་རྒྱུ། ཁེ་ལས་ཀྱི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་བསྡུ་ཚད་དང་སྡོད་ཁང་སྤྱི་གསོག་མ་དངུལ་བསྡུ་ཚད་དུས་མཚམས་རང་བཞིན་གྱིས་དམའ་རུ་བཏང་ནས་ཁྲོམ་རའི་བྱེད་པོའི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་ལས་བཟོའི་དངུལ་སྨར་ཡོང་འབབ་མང་དུ་གཏོང་རྒྱུ་བཅས་ཐག་བཅད་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། རིམས་འགོག་སྨན་ཁབ་ཀྱི་སྤུས་ཚད་བདེ་འཇགས་དེ་མི་དམངས་མང་ཚོགས་དང་ལྷག་པར་དུ་ལོ་ཆུང་བྱིས་པའི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་ཡོད་པས་དེ་ནི་འདའ་མི་རུང་བའི“དམར་ཐིག”ཅིག་ཡིན། རང་རྒྱལ་གྱི་རིམས་འགོག་སྨན་ཁབ་མ་ལག་སྤྱིའི་ཆ་ནས་བདེ་འཇགས་བློས་འགེལ་ཆོག་པ་ཞིག་ཡིན། གལ་སྲིད་མི་འདང་ས་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་ལེགས་བཅོས་མཐའ་གཅིག་ཏུ་བྱེད་དགོས། ཧྲན་ཏུང་ཅི་ནན་གྱི་རིམས་འགོག་སྨན་ཁབ་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་སྐོར་གྱི་གྱོད་གཞི་རབ་དང་རིམ་པ་ཐོན་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྡེ་ཚན་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་འཛུགས་རྒྱུར་ཆོག་མཆན་བཀོད་པ་མ་ཟད། ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་དོན་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཡང་བཙུགས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་ལས་དོན་གཏིང་ཟབ་སྤེལ་བ་དང་། རྒྱལ་ཡོངས་རོགས་བཤེར་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་བ། གྱོད་གཞི་ཞིབ་གཅོད་སྐུལ་འདེད་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་བཤེར་བཀག་ཉར་བྱས་པའི་རིམས་འགོག་སྨན་ཁབ་ལ་བདེ་འཇགས་རང་བཞིན་གྱི་དཔྱད་དཔོག་ནུས་ལྡན་བྱེད་རྒྱུའི་སྒྲིག་འཛུགས་བཅས་བྱས་ཤིང་། མིག་སྔར་དུས་མཚམས་དང་པོའི་བརྟག་ཞིབ་ཐག་གཅོད་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད། བརྟག་ཞིབ་རགས་ཙམ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་གསལ། ཐེངས་འདིའི་རིམས་འགོག་སྨན་ཁབ་སྐོར་གྱི་གྱོད་གཞི་རབ་དང་རིམ་པ་ནི་འབྲེལ་ཁྱོན་ཆེ་ཞིང་ངོ་བོ་ཚབས་ཆེ་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཚབས་ཆེན་ཞིག་ཡིན་པ་དེའི་ཐོག་ནས་རིམས་འགོག་སྨན་ཁབ་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་དང་བེད་སྤྱོད་དོ་དམ་ཡག་པོ་མེད་པ་དང་། ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི་བྱེད་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་མ་ཐུབ་པ། ལས་བྱེད་པ་ཁག་གཅིག་གིས་གོ་མ་ཆོད་པ། ལྟ་སྐུལ་དོ་དམ་དང་ཉེན་ཁར་ཁ་གཏད་གཅོག་པའི་ལམ་སྲོལ་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད་པས་ང་ཚོར་བསླབ་བྱ་གཏིང་ཟབ་ཐོབ་ཡོད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གྱོད་གཞི་དང་འབྲེལ་བའི་རིམས་འགོག་སྨན་ཁབ་བརྒྱབ་པའི་མི་ཚོགས་ཀྱི་ཉེན་ཁར་དཔྱད་དཔོག་གང་མགྱོགས་བྱེད་རྒྱུ་དང་། སྤྱི་ཚོགས་ལ་དཔྱད་དཔོག་གྲུབ་འབྲས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་རྒྱུ། རྗེས་མཐུད་ཆད་གཅོད་ལས་དོན་འོས་འཚམ་བསྒྲུབ་རྒྱུ་བཅས་ཀྱི་ཁར་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ལམ་སྲོལ་དང་རིམས་འགོག་སྨན་ཁབ་དོ་དམ་ཐད་ཀྱི་ཕུགས་ཕན་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་བཏང་ནས། ལས་དོན་སྒྲུབ་སྐབས་དང་སྒྲུབ་ཚར་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་གུ་ཡངས་གཏན་ནས་མི་གཏོང་བ་དང་། མིག་སྔར་ས་ཁུལ་ཁག་ཏུ་ཉེས་དོན་གྱོད་གཞི་192གྱོད་ཁོངས་སུ་བཅུག་ནས་མི་202ཉེས་དོན་བཀག་ཉར་བྱས་ཡོད་པ་དང་། རྩད་ཆོད་བྱུང་བའི་གནས་ཚུལ་གཞིར་བཟུང་། ཚོགས་འདུའི་ཐོག་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན། ཧྲན་ཏུང་སོགས་ཞིང་ཆེན་(ལྗོངས་དང་གྲོང་ཁྱེར་)17བཅས་ཀྱི་འབྲེལ་ཡོད་འགན་འཁུར་བར་འགན་འཁྲི་རྩད་གཅོད་བྱེད་རྒྱུ་དང་། འབྲེལ་ཡོད་ཕྱོགས་ཀྱིས་གཞུང་ཞབས་པ་སོགས་མི་357ལ་སྔོན་ལ་གོ་གནས་འཐེན་པ་དང་གོ་གནས་འབེབས་པ་སོགས་ཆད་པ་གཅོད་རྒྱུའི་ཐག་བཅད་ཡོད་པ་རེད། གོམ་སྟབས་རྗེས་མར་ཁྲིམས་འགལ་ཉེས་གསོག་དང་འགན་ཤོར་ལས་འཛོལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་པ་མ་ཟད། ད་དུང་གྱོད་གཞི་ཞིབ་གཅོད་གནས་ཚུལ་གཞིར་བཟུང་ནས་གོམ་གང་མདུན་སྤོས་ངང་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་བསམ་འཆར་ཡང་འདོན་རྒྱུ་ཡིན་པ་རེད།