མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་6གིས་ས་ཁོངས་མཉམ་འགུལ་གྱིས་གཞུང་ལམ་
གྱི་ཚད་བརྒལ་བཅོས་སྒྲིག་ལམ་སྲོལ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་19ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་6མཉམ་འགུལ་གྱིས་ཚད་བརྒལ་བཅོས་སྒྲིག་མཉམ་ཞུགས་ཚོགས་འདུ་ཐོག་མ་དེ་ཚེས་15ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་དང་། མཚོ་སྔོན་དང་། ཤིན་ཅང་། ཉིང་ཞ། ཧྲའན་ཤིས། སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་6གིས་གཞུང་ལམ་གྱི་ཚད་བརྒལ་གནས་ཚུལ་མཉམ་འགུལ་བཅོས་སྒྲིག་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ས་ཁོངས་མཉམ་འབྲེལ་ཐོག་ཚད་བརྒལ་བཅོས་སྒྲིག་ལམ་སྲོལ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
         མཚོ་སྔོན་དང་། ཤིན་ཅང་། སི་ཁྲོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་6གི་ཚོང་ལས་ཉོ་ཚོང་དང་དངོས་ཟོག་སྐྱེལ་འདྲེན་མང་བས་གཞུང་ལམ་གྱིས་སྐྱེལ་འདྲེན་གྱི་ནུས་པ་གཙོ་བོ་འཁུར་དགོས་པའི་ཁྲོད་ཤིན་ཅང་ཧྲིལ་བུའི་80%ཡན་གྱི་དངོས་ཟོག་སྐྱེལ་འདྲེན་སྤྱིར་མང་ཆེ་བ་གཞུང་ལམ་བརྒྱུད་དགོས་ཀྱི་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས་6གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱི་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་ས་ཁུལ་ཁག་གི་དངོས་ཟོག་བླུགས་དྲག་པ་དང་། ཚད་བརྒལ་གྱི་ཟོག་འདྲེན་རླངས་འཁོར་མང་བ། བྱ་སྤྱོད་སྨྱོ་ཧམ་ཆེ་བ་བཅས་ལས་ལམ་ཟམ་སོགས་སྤྱི་པའི་སྒྲིག་ཆས་ལ་གནོད་སྐྱོན་ཆེན་པོ་ཕོག་པ་དང་། ཆབས་ཅིག་མི་10ཡན་གྱི་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་དང་ཉེན་ཁ་ཆེ་བའི་དངོས་རྫས་བླུགས་པའི་རླངས་འཁོར་མགོ་རྟིང་ལོག་པ་དང་ཟགས་པ་སོགས་ཀྱི་ལས་འཛོལ་རྟག་ཏུ་ཐོན་པའི་ཁྲོད་མང་ཆེ་བ་བླུགས་དྲག་ནས་ཟོག་འདྲེན་རླངས་འཁོར་ཚོད་འཛིན་མ་ཐུབ་པ་ལས་ཐོན་པ་ཞིག་རེད་ཅེས་བཤད།
         ཚེས་15ཉིན་ནས་བཟུང་ཞིང་ཆེན་དང་རང་སྐྱོང་ལྗོངས་6གི་ས་ཁོངས་ཀྱིས་མཉམ་འབྲེལ་ཐོག་ཚད་བརྒལ་བཅོས་སྒྲིག་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། “ཁོངས་གཏོགས་ས་ཆའི་འགན་འཁུར་བ་དང་། མཉམ་ལས་ཐོག་ཞིབ་བཤེར་ཐག་གཅོད་བྱེད་པའི”རྩ་དོན་ལ་གཞིགས་ནས་ས་ཁུལ་ཁག་གིས་འབྱུང་རྩ་ནས་བཅོས་སྒྲིག་བྱ་ཤུགས་ཆེ་རུ་བཏང་སྟེ་ཁོངས་གཏོགས་སོ་སོའི་ཁྲིམས་འགལ་ངང་བླུགས་དྲག་པ་དང་ཚད་བརྒལ་གྱི་ཚན་པར་གཙོ་གནད་དུ་བཅོས་སྒྲིག་དང་ཞིབ་བཤེར་ཐག་གཅོད་བྱས་ནས་ཁྲིམས་འགལ་ངང་ཟོག་སྐྱེལ་རླངས་འཁོར་བཟོ་བཅོས་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་དང་ཞིང་ཆེན་ས་མཚམས་ཀྱི་འཛུལ་སྒོ་དང་ཐོན་སྒོའི་ས་ཚིགས་ཁག་གི་ལམ་ངོས་སུ་ཁྲིམས་འཛིན་བྱ་ཤུགས་ཆེ་རུ་གཏོང་རྒྱུ་རེད། བླུགས་དྲག་པ་དང་ཚད་བརྒལ་གྱི་གནད་དོན་ཐོན་མང་བའི་ས་འབྲེལ་ཁུལ་ལ་དམིགས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་6གིས་ལོ་ལྟར་ཞིང་ཆེན་བརྒལ་བའི་མཉམ་འབྲེལ་ཚད་བརྒལ་བཅོས་སྒྲིག་ཆེད་དོན་བྱ་སྤྱོད་སྤེལ་ནས་ཁྲིམས་ལས་ཚབས་ཆེན་འགལ་བའི་རླངས་འཁོར་རྗེས་འདེད་ཀྱིས་དཔང་རྟགས་འཚོལ་བསྡུ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།