མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཏང་གི་དུས་སྐབས་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་བའི་
དམིགས་ཚད་མཐའ་འཁྱོངས་བྱས་ནས་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་
ཆེན་ཧུར་ཐག་འཛུགས་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བཞི་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་སྤྱི་ལ་ཁྱབ་པ་དང་གསར་བརྗེའི་རང་བཞིན་གྱི་བཅོས་སྒྱུར་ཞིག་ཡིན་པས། ཏང་གི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཁར་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་གྱིས་ཕྱོགས་ཡོངས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་སྒྱུར་བཅོས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཚོད་འཛིན་བཟོ་བའི་སྒྲིག་གཞིའི་འགོག་རྐྱེན་དང་། གྲུབ་ཆའི་འགལ་བ། སྲིད་ཇུས་ཀྱི་གནད་དོན་དམིགས་བཀར་དུ་ཐག་གཅོད་བྱས་ཏེ། དཔུང་སྡེའི་སྒྲིག་འཛུགས་རྣམ་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བ་དང་། མུ་མཐུད་འཐབ་ནུས་བཅིངས་འགྲོལ་དང་ཆེ་རུ་གཏོང་བ། དཔུང་སྡེའི་གསོན་ཤུགས་སྔར་བས་བཅིངས་འགྲོལ་དང་ཤུགས་ཆེར་བཏང་ནས་རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་དང་མཐུན་ཞིང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་གཏོང་བའི་ཁེ་ཕན་དང་ཡང་འཚམས་པའི་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེར་བཏང་སྟེ་མཉམ་དུ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུར་སྟོབས་ཤུགས་བརྟན་པོ་ཞིག་ཡོང་བ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
         ཞིས་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་མཐོང་ཆེན་བྱས་ནས་སྒྱུར་བཅོས་གལ་ཆེན་འདི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོའི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་འཐབ་ཇུས་མཐོ་ཚད་ཐོག་བཞག་ནས་འཆར་འགོད་དང་སྐུལ་མ་གཏོང་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་དབྱང་དམག་ཨུད་ཀྱིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་དང་འབྲེལ་ཡོད་ལས་ཀའི་སྒྲིག་གཞི་བཙུགས་ནས་བརྟག་དཔྱད་རིག་པས་ཁུངས་སྐྱེལ་གཏིང་ཟབ་དང་དཔུང་སྡེའི་བློ་གྲོས་གཅིག་ཏུ་བསྡུས་ཏེ་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་ཇུས་གཞི་དང་དེ་འབྲེལ་ལག་བསྟར་ཇུས་གཞི་བཟོས་ཡོད། ང་ཚོས་སྐམ་དམག་གི་འགོ་ཁྲིད་སྒྲིག་གཞི་དང་། མེ་ཤུགས་འཕུར་མདེལ་དམག འཐབ་ཇུས་རྒྱབ་སྐྱོར་དཔུང་སྡེ་སྔ་རྗེས་སུ་བཙུགས་ནས་དམག་ཨུད་ལས་ཁུངས་སྤྱི་ཁྱབ་པུའུ་བཞི་ནས་ཐིང་1དང་། པུའུ་6ཨུ་ལྷན་3ཐད་གཏོགས་སྒྲིག་གཞི་5བཅས་འགན་ནུས་སྡེ་ཚན་15ལ་བཟོས་པ་དང་། དམག་ཁུལ་ཁང་ཆེན་པོ་བདུན་པོ་དེ་དག་ཤར་རྒྱུད་དང་། ལྷོ་རྒྱུད། ནུབ་རྒྱུད། བྱང་རྒྱུད། དབུས་རྒྱུད་བཅས་དམག་འཐབ་བཀོད་འདོམས་ཁུལ་ཆེན་པོ་ལྔར་ཕྱེ་ནས་མཚོ་དམག་དང་། མཁའ་དམག མེ་ཤུགས་འཕུར་མདེལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་སྒྲིག་གཞིའི་སྒྲིག་ཁུངས་བཟོ་བའི་ལས་ཀ་བསྒྲུབས་ཡོད། སྒྱུར་བཅོས་ཤུགས་ཆེན་བྱས་པ་བརྒྱུད་མི་དམངས་བཅིངས་འགྲོལ་དམག་འདི་ཡུན་རིང་བསྟར་བའི་སྤྱི་ཁྱབ་པུའི་ལམ་ལུགས་དང་། དམག་ཁུལ་ཁང་ཆེན་པོའི་ལམ་ལུགས། སྐམ་དམག་ཆེན་པོའི་ལམ་ལུགས་ལས་བརྒལ་ནས་དམག་ཨུད་ཀྱིས་སྤྱི་ཡོངས་ལ་དོ་དམ་དང་། འཐབ་ཁུལ་གྱིས་དམག་འཐབ་གཙོར་འཛིན། དམག་རིགས་མི་འདྲ་བས་འཛུགས་སྐྲུན་གཙོ་བོར་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་པ་བྱས་ཏེ། ལོ་མང་རིང་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ཐུབ་པར་ལུས་པའི་གནད་དོན་དང་སྔོན་ཆད་ཐག་གཅོད་ཐུབ་ཀྱི་མ་རེད་སྙམ་པའི་གནད་དོན་མང་པོ་ཞིག་ཐག་བཅད་ནས་དམག་དཔུང་གི་རྩ་འཛུགས་སྒྲོམ་གཞིར་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས།
         ཞིས་ཅིན་ཕིང་གིས། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཕེལ་ཚུལ་བཟང་པོ་ཡོད་ནའང་། རྗེས་མཐུད་ལས་འགན་སྔར་བཞིན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བས། ང་ཚོས་ཡང་འབད་བསྐྱར་འབད་དང་། དུས་བསྟུན་ཡར་བརྩོན། དཀའ་ངལ་གདོང་ལེན་གྱིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མདུན་ཕྱོགས་སུ་ཏན་ཏིག་སྤེལ་དགོས་པ་དང་། སྒྱུར་བཅོས་བྱེད་པའི་ཡིད་ཆེས་སྔར་བས་བརྟན་དུ་བཏང་ནས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་མཚམས་སུ་ང་ཚོས་ངེས་ཤུགས་ཡོད་པ་དང་། འགན་འཁྲི་འཁུར་ཕོད་པ། ངར་ཤུགས་ཆེན་པོས་གོམ་པ་མྱུར་ལ་བརྟན་པོའི་སྒོ་ནས་མུ་མཐུད་མདུན་དུ་སྐྱོད་དགོས། སྒྱུར་བཅོས་ཀྱི་ཁ་ཕྱོགས་སྔར་བས་མི་འཕྱུགས་པའི་ཁར་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་དང་། དམག་འཐབ་ལ་དོ་ཁུར། གསར་གཏོད་ཀྱིས་སྒུལ་ཤུགས་སྐྱེད་པ། རྒྱུད་རིམ་ལྡན་པའི་འཆར་གཞི་འགོད་པ། ཁྲིམས་སྐྱོང་བསམ་བློ་ལྡན་པ། ཧུར་སྐྱེད་ཏན་ཏིག་ཡོང་བ་བཅས་མཐའ་འཁྱོངས་བྱེད་དགོས། སྒྱུར་བཅོས་དོན་འཁྱོལ་བྱ་རྒྱུར་སྔར་བས་དམ་འཛིན་བྱེད་པ་དང་། སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཐོན་པ་བྱས་ནས་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་དང་། དོན་འཁྱོལ་ཞིབ་ཕྲ། དོན་འཁྱོལ་བརྟན་པོ་ཡོང་བར་བྱེད་དགོས། དམག་དཔུང་གི་རིམ་ཁག་ཏང་ཨུད་ཀྱིས་སྒྱུར་བཅོས་དམ་འཛིན་གྱི་ལས་དོན་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གོ་བ་གནད་འཁེལ་ལེན་པ་དང་། ཤུགས་གནད་འཁེལ་རྒྱག་པ། དོན་འཁྱོལ་གནད་སྨིན་ཡོང་བ་བཅས་ཀྱི་ནུས་པ་དམིགས་བཀར་དུ་ཆེ་རུ་བཏང་ནས་ཚད་གཞི་མཐོ་པོས་སྒྱུར་བཅོས་ཀྱི་ལས་འགན་ལེགས་པར་སྒྲུབ་དགོས། བསམ་བློའི་ཐོག་ནས་སྐུལ་སློང་གཏིང་ཟབ་བྱས་ནས་རྒྱ་ཆེའི་དཔོན་དམག་ཚོས་སྒྱུར་བཅོས་ཀྱི་གནད་འགག་ཤེས་པ་དང་ཁོང་དུ་ཆུད་རྒྱུར་ཁྲིད་སྟོན་བྱས་ནས་བསམ་བློར་བཅིངས་འགྲོལ་གཏོང་བའི་ཁྲོད་བསམ་བློ་གཅིག་གྱུར་ཐུབ་ནས་སྒྱུར་བཅོས་ལ་སྐུལ་མ་གཏོང་བའི་བསམ་བློའི་ངོས་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་དགོས། དམག་དཔུང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་འགོ་ཁྲིད་ནས་སྒྱུར་བཅོས་ལ་སྐུལ་མ་གཏོང་མཁན་དང་ལག་ལེན་པ་ཞིག་བྱས་ཏེ། དོན་ཆེན་ཁྲོད་རང་རྟོགས་ངང་གནས་བབ་ཤེས་པ་དང་། བསམ་བློ་གཏོང་བ། བྱ་སྤྱོད་སྤེལ་ཏེ་ཏང་ལ་ལྷག་བསམ་དཀར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་ལ་མིག་ལྟོས་བྱ་རྒྱུ་བཅས་སྒྱུར་བཅོས་ལས་འགན་དོན་འཁྱོལ་ནང་མངོན་པར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།