མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུའི་མཐོ་སློབ་སློབ་མའི་རོགས་དངུལ་སྐོར་གྱི་ཐད་གཏོང་ཁ་པར་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་དོགས་གཞིར་ལན་རྒྱག་པ་དང་དཀའ་ངལ་སེལ་རྒྱུ་དང་། ཁོང་ཚོ་བདེ་བླག་ངང་སློབ་གྲྭར་བསྐྱོད་རྒྱུར་རོགས་རམ་ཐུབ་ཆེད། སློབ་གསོ་པུས་ཟླ་8ཚེས་15ཉིན་ནས་ཟླ་9ཚེས་15ཉིན་བར་མཐོ་སློབ་སློབ་མའི་རོགས་དངུལ་སྐོར་གྱི་ཐད་གཏོང་ཁ་པར་སྤྱོད་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུའི་མཐོ་སློབ་སློབ་མའི་རོགས་དངུལ་སྐོར་གྱི་ཐད་གཏོང་ཁ་པར་ནི་010—66097980 དང 010—66096590ཡིན་ཞིང་། 2005ལོ་ནས་བཟུང་སློབ་གསོ་པུས་ལོ་བཅུ་གཉིས་བསྟུད་མར་དབྱར་ཁའི་གུང་གསེང་དང་སློབ་འགོ་ཚུགས་སྐབས་ཐད་གཏོང་ཁ་པར་དེ་སྤྱོད་ཀྱི་ཡོད།
     སློབ་གསོ་པུས་རྒྱལ་ཁབ་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་སློབ་མར་རོགས་དངུལ་སྤྲད་ནས་རོགས་རམ་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ“བྱ་དགའ་དང་། དངུལ་བུན། རོགས་རམ། ཁ་གསབ། ཆག་ཡང”སོགས་ཀྱི་བྱེད་ཐབས་སྣ་མང་གི་མཐོ་སློབ་སློབ་མའི་རོགས་དངུལ་སྲིད་ཇུས་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། མཐོ་རིམ་སློབ་གསོའི་དུས་མཚམས་སུ་རྒྱལ་ཁབ་ཀྱི་བྱ་དགའི་སློབ་དངུལ་དང་། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན། དངུལ་བུན་གསབ་འཇལ་ཚབ་འཇལ། སློབ་མ་གསར་པའི་སློབ་ཞུགས་རོགས་དངུལ། སློབ་ཞོར་ལས་སྒྲུབ། དཀའ་སེལ་རོགས་དངུལ། ལྟོ་རིན་ཁ་གསབ། སློབ་གྲོན་ཆག་ཡང་། “ཐོགས་མེད་བགྲོད་ལམ”སོགས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱི་རོགས་དངུལ་སྲིད་ཇུས་མ་ལག་བཙུགས་ཡོད་ཅེས་བརྗོད།
     འདི་ལོ་ཐད་གཏོང་ཁ་པར་བཙུགས་པ་ཕུད་སློབ་གསོ་པུས་ད་དུང་ས་གནས་ཁག་དང་ཀྲུང་དབྱང་མཐོ་སློབ་ཁག་ཚང་མས་ཀྱང་ཐད་གཏོང་ཁ་པར་བཙུགས་ནས་སློབ་མ་དང་ཁྱིམ་བདག་གིས་བཏོན་པའི་གནད་དོན་ལ་ལྟ་སྟངས་ནན་ཏན་འཛིན་ཏེ“དོན་ཚང་མར་ལན་ཡོད་པ་དང་དོན་འཁྱོལ་ཐུབ་པ”བྱས་ནས་སློབ་མའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གལ་ཏེ་སློབ་མར་དཀའ་ངལ་ཡོད་ན་སྔོན་ལ་སློབ་གྲྭར་ཁ་པར་རྒྱག་ཆོག་པ་དང་། གལ་ཏེ་གནད་དོན་ཐག་གཅོད་མ་ཐུབ་ཚེ་ཞིང་གྲོང་དང་ཐ་ན་སློབ་གསོ་པུར་ཐད་གཏོང་ཁ་པར་རྒྱག་དགོས་པ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་སློབ་ཁུངས་ས་ཆའི་ཡིད་རྟོན་སློབ་རོགས་དངུལ་བུན་ལེན་མཁན་སློབ་མར་གལ་ཏེ་དོགས་གཞི་ཡོད་ན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཐད་གཏོང་ཁ་པར་95593བརྒྱབ་ནས་བློ་འདྲི་བྱེད་ཆོག་གི་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། སློབ་གསོ་པུའི་མཐོ་སློབ་སློབ་མའི་རོགས་དངུལ་སྐོར་གྱི་ཐད་གཏོང་ཁ་པར་སྤྱོད་མཚམས་བཞག་རྗེས། སློབ་མས་སློབ་གྲྭའི་རོགས་དངུལ་གྱི་སྡེ་ཚན་བརྒྱུད་ནས་སྲིད་ཇུས་ཇུས་འདྲི་དང་དཀའ་ངལ་ཞུ་ཆོག་ལ། སློབ་གསོ་པུའི་དུས་རྒྱུན་ལྟ་སྐུལ་ཐེར་འདོན་ཁ་པར010—66092315 དང010—66093315བརྒྱབ་ན་འགྲིག་གི་ཡོད།