མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྐབས་དང་པོའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་མཉམ་སྤྲོའི་དུས་ཆེན་
ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་30ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན་སྐབས་དང་པོའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་མཉམ་སྤྲོའི་དུས་ཆེན་པེ་ཅིང་དུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྐབས་དང་པོའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་མཉམ་སྤྲོའི་དུས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོ་གཉིས་མཉམ་དུ་འབྲེལ་བ་དང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཡོད། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་གླིང་ཆེན་གཉིས་པོ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་འབྱུང་ཁུངས་གལ་ཆེན་དང་གོ་ལ་ཧྲིལ་པོའི་མི་འབོར་བཞི་ཆ་གསུམ་གྱི་ཐུན་མོང་ཁྱིམ་གཞིས་ཤིག་ཡིན། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་སྔོན་བྱོན་ཚོས་ཐུན་མོང་ཐོག་བཙུགས་པའི་མཐུན་སྒྲིལ་དང་། མཛའ་གྲོགས། མཉམ་ལས་བཅས་ཀྱི་དབན་ལུང་སྙིང་སྟོབས་ཀྱིས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་དབར་གྱི་མཉམ་ལས་དང་ཐ་ན་རྒྱལ་སྤྱིའི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རང་སྟོབས་ཆེ་རུ་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་རྒྱ་ཆེ་བ་དང་། རིམ་པ་མང་བ། ཕྱོགས་ཚང་མ་བཅས་ཀྱི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མཉམ་ལས་བཀོད་པ་གསར་པ་བཏོད་ནས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་མི་དམངས་དང་རྒྱལ་ཁབ་གཞན་དག་གི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་སྐྲུན་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཛམ་གླིང་ཐོག་གཞོན་ནུ་མི་འབོར་མང་ཤོས་ལྡན་པ་དང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དར་རྒྱས་གོང་འཕེལ་གྱི་འབྱུང་འགྱུར་དང་རེ་བ་གཞོན་ནུ་ཚོར་བཅོལ་ཡོད། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་ནི་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཁྱེད་ཚོས་དབན་ལུང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཕན་ཚུན་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་རྒྱུས་མངའ་ལོན་ཚད་ཟབ་ཏུ་གཏོང་བ། གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་དར་རྒྱས་གོང་འཕེལ་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་བཅས་ཀྱི་ཆེད་ལང་ཚོ་ལེགས་སྐྱེས་སུ་འབུལ་རེ་ཡོད་ཅེས་ནན་བཤད་གནང་བ་རེད།