མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྡེ་ཚན་གསུམ་གྱིས་མཉམ་དུ་ཡིག་ཆ་པར་འགྲེམས་བྱས་ནས་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་
ཚད་ལྡན་ཅན་དུ་སྒྱུར་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 08:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གིས་མོས་མཐུན་བྱས་པ་བརྒྱུད། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་། རྒྱལ་ཁབ་སྤུས་ཚད་ལག་རྩལ་སྐུལ་ཅུས་དང་ནད་ཡམས་ཞིབ་བཤེར་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ལྷན་བཅས་ཀྱིས་མཉམ་དུ་《རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་ཚད་ལྡན་ཅན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ་རེད།
         《བསམ་འཆར་》ནང་རྒྱལ་ཡོངས་ཆ་འཕྲིན་བདེ་འཇགས་ཚད་ལྡན་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་དང་། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གི་སྤྱི་འདོམས་མཐུན་སྦྱོར། འབྲེལ་ཡོད་དྲ་རྒྱའི་བདེ་འཇགས་གཙོ་འགན་སྡེ་ཚན་གྱི་རྒྱབ་སྐྱོར་བཅས་ཀྱི་འོག དྲ་རྒྱའི་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིར་ལག་རྩལ་གཅིག་གྱུར་ཐོག་ཁོངས་སྒྲིག་དང་། གཅིག་གྱུར་ཐོག་རེ་འདུན་ཞུ་བ་དང་། གཟིགས་འབུལ་ཞུ་བ། གོང་གི་ཆོག་མཆན་ཞུ་བ་བཅས་བྱེད་དགོས། དྲ་རྒྱའི་བདེ་འཇགས་ཀྱི་ནང་དོན་དང་འབྲེལ་བའི་རྒྱལ་ཁབ་ཀྱི་ཚད་གཞི་གཞན་དག་ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་འབྲེལ་ཡོད་དྲ་རྒྱའི་བདེ་འཇགས་གཙོ་འགན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱས་ཏེ་འབྲེལ་ཡོད་རྒྱལ་ཁབ་ཚད་གཞི་དང་དྲ་རྒྱའི་བདེ་འཇགས་ཚད་གཞིའི་མ་ལག་མཐུན་སྦྱོར་གཅིག་གྱུར་ཡོང་བ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
         《བསམ་འཆར་》ནང་དྲ་རྒྱའི་བདེ་འཇགས་ཚད་གཞི་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ལེ་ལག་ཆ་ཚང་སྦྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་བཏང་ནས་དྲ་རྒྱའི་བདེ་འཇགས་ཚད་གཞི་དང་ཆ་འཕྲིན་ཅན་གྱི་རྒྱུན་སྤྱོད་ཚད་གཞི་དུས་མཉམ་དུ་འཆར་འགོད་དང་བཟོ་རྒྱུར་སྐུལ་འདེད་གཏོང་དགོས། བཙན་ཤེད་རང་བཞིན་གྱི་ཚད་གཞི་ཧྲག་བསྡུས་ཡོང་བ་བྱས་ནས་རྒྱལ་ཁབ་ཀྱི་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་དང་གསང་འབྲེལ་དྲ་རྒྱ་སོགས་ཀྱི་ཁྱབ་ཁོངས་སུ་བཙན་ཤེད་རང་བཞིན་གྱི་ཚད་གཞི་བཟོས་ནས་འོས་སྦྱོར་རྣམ་པའི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་ལས་རིགས་ཀྱི་དམིགས་བསལ་དགོས་མཁོ་ཆེ་བའི་ཁྱབ་ཁོངས་སུ་འོས་སྦྱོར་རྣམ་པའི་ལས་རིགས་ཚད་གཞི་བཟོ་རྒྱུར་མཐོང་ཆེན་བྱས་ཏེ་རྩ་དོན་ཐོག་ནས་བརྗོད་ན་དྲ་རྒྱའི་བདེ་འཇགས་ཀྱི་ས་གནས་ཚད་གཞི་བཟོ་རྒྱུ་མེད། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་དང་། དྲ་རྒྱའི་བདེ་འཇགས་ཞིབ་བཤེར། བཟོ་ལས་ཚོད་འཛིན་མ་ལག་བདེ་འཇགས། གྲངས་གཞི་ཆེན་པོའི་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་། དྲ་རྒྱའི་བདེ་འཇགས་ཆ་འཕྲིན་མཉམ་སྤྱོད་སོགས་ཁྱབ་ཁོངས་ཀྱི་ཚད་གཞི་ཞིབ་བཟོའི་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་ཡོད།
         《བསམ་འཆར་》ནང་འཕྲལ་མཁོ་ཆེ་བའི་ལས་དོན་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས“དྲ་སྦྲེལ”+གྱི་བྱ་སྤྱོད་འཆར་གཞི་དང་། “ཀྲུང་གོའི་བཟོ་སྐྲུན་2025”“གྲངས་གཞི་ཆེ་མོའི་འཕེལ་རྒྱས་བྱ་སྤྱོད་ཀྱི་རྩ་གནད”སོགས་རྒྱལ་ཁབ་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ནས་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་དང་། དྲ་རྒྱའི་བདེ་འཇགས་ཞིབ་བཤེར། དྲ་རྒྱའི་བར་མཐོངས་ཀྱི་ཡིད་ཆེས་འོས་པའི་ཐོབ་ཐང་། འགག་རྩའི་ཆ་འཕྲིན་ལག་རྩལ་གྱི་ཐོན་རྫས། དྲ་རྒྱའི་བར་མཐོངས་ཀྱི་གསང་སྲུང་འགོག་སྲུང་ལྟ་སྐུལ་དོ་དམ། བཟོ་ལས་ཚོད་འཛིན་མ་ལག་བདེ་འཇགས། གྲངས་གཞི་ཆེ་མོའི་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་། རིག་ལྡན་གྲོང་ཁྱེར་བདེ་འཇགས། ཟོག་སྦྲེལ་དྲ་བའི་བདེ་འཇགས། འཕྲིན་གཏོང་དྲ་རྒྱའི་བདེ་འཇགས་གསར་པ། དྲ་སྦྲེལ་བརྙན་འཕྲིན་གྱི་མཐའ་སྣེའི་ཐོན་རྫས་བདེ་འཇགས། དྲ་རྒྱའི་བདེ་འཇགས་ཆ་འཕྲིན་མཉམ་སྤྱོད་སོགས་ཁྱབ་ཁོངས་ཀྱི་ཚད་གཞི་ཞིབ་འཇུག་དང་བཟོ་བའི་ལས་དོན་གང་མགྱོགས་སྤེལ་དགོས་པ་བཏོན་ཡོད།