མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཀྲུང་དབྱང་གི་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་01ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་དོན་སྒྲུབ་མང་ཤོས་ཀྱི་དུས་དང་སྒྱུར་བཅོས་ལས་འགན་དོན་འཁྱོལ་བྱེད་པའི་འགག་སྒྲོལ་དུས་ཤིག་ཡིན་པས་འཆར་འགོད་དང་། སྤྱི་འདོམས། དོན་འཁྱོལ་བཅས་ལ་དམ་འཛིན་བྱེད་པའི་ལས་འགན་སྔར་བཞིན་ལྕི་ལ་ལྗིད་རྫོབ་ཆེན་པོ་ཡོད། དེར་བརྟེན་གཏན་འཁེལ་བའི་དུས་ཚོད་རེའུ་མིག་དང་ལས་ཀ་བྱེད་ཕྱོགས་ལ་གཞིགས་ཏེ་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་རྒྱུར་སྔར་བས་མཐོང་ཆེན་བྱེད་པ་དང་། ཁྱབ་ཁོངས་ཁག་དང་། རིམ་པ་ཁག ལྷུ་ཚིགས་ཁག་བཅས་ཀྱི་འགལ་ཟླ་དང་གནད་དོན་དམིགས་ས་ཡོད་པའི་སྒོ་ནས་བསལ་ཏེ་རྨང་གཞིའི་འདེགས་སྐྱོར་ལ་ཤུགས་སྣོན་དང་། མ་ལག་གཅིག་སྡུད་ལ་མཐོང་ཆེན། ལས་ཀའི་ལམ་སྲོལ་འཐུས་ཚང་། ལྟ་སྐུལ་ཞིབ་བཤེར་དོན་འཁྱོལ་ནན་པོ་བཅས་བྱས་ནས་སྒྱུར་བཅོས་གནད་ལ་འཕིགས་ཚད་དང་ཚགས་སུ་ཚུད་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མདུན་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་སྤེལ་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུར་《སྐྱོན་བྲལ་དངུལ་རྩའི་མ་ལག་བསྐྲུན་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》དང་《ཐོན་དབང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དང་ཐོན་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར》 《སྲིད་གཞུང་གི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་གསར་གཏོད་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《ཤེས་བྱའི་རིན་ཐང་མཐོ་རུ་གཏོང་རྒྱུ་ཕྱོགས་སྟོན་དུ་བྱེད་པའི་བགོ་བཤའི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཉམས་མྱོང་སྔར་བས་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་ཐབས》 《གྲོང་གསེབ་ཀྱི་ས་ཞིང་དབང་བའི་ལམ་ལུགས་དང་། འགན་གཙང་ལེན་དབང་། གཉེར་སྐྱོང་བྱེད་དབང་བགོ་བའི་བྱ་ཐབས་སྐོར་གྱི་བསམ་འཆར》 《སྣོད་བཅུད་ནུས་པའི་ཁུལ་གཙོ་བོའི་ཐོན་ལས་ཞུགས་འཐུས་ཀྱི་ཞན་ཆའི་རྩིས་ཐོ་བཟོ་བའི་ལག་བསྟར་བྱ་ཐབས》 《སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དམིགས་ཚད་ལ་གདེང་འཇོག་དང་དཔྱད་ཞིབ་བྱ་ཐབས》 《ཞིང་ཆེན་ཁག་གཅིག་ལ་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་སྐྱིན་ཚབ་འཇལ་བའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་སྙན་ཞུ》 《ཐོན་སྐྱེད་ཚོང་གཉེར་བྱེད་སྒོར་ཞུགས་མཁན་བྱ་གཞག་ཚན་པ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱིས་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《སྒྱུར་བཅོས་ཚོད་ལྟ་བྱ་ཚུལ་གཙང་བཤེར་དང་ཚད་ལྡན་ཡོང་བ་བྱས་པའི་སྐོར་གྱི་སྙན་ཞུ》 《ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་བྱ་ཐབས་གལ་ཆེན་བཏོན་པ་དོན་འཁྱོལ་བྱས་ཚུལ་སྐོར་གྱི་ཚོད་སྐོར་སྙན་ཞུ་》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         ཚོགས་འདུའི་ཐོག་སྐྱོན་བྲལ་དངུལ་རྩ་འཕེལ་རྒྱས་གཏོང་རྒྱུ་ནི་སྐྱོན་བྲལ་འཕེལ་རྒྱས་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པས། དངུལ་རྩའི་ལམ་ལུགས་གསར་གཏོད་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་ལྗང་མདོག་ཐོན་ལས་ནང་གཏོང་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས་པ་མ་ཟད། མ་རྩ་སྐྱོན་ཅན་གཏོང་རྒྱུ་ནུས་ལྡན་འགོག་དགོས། སྐྱོན་བྲལ་དངུལ་བུན་དང་། སྐྱོན་བྲལ་བུན་ལོར། སྐྱོན་བྲལ་མ་དངུལ་འཛིན་ལོར་གྱི་སྟོན་གྲངས་དང་འབྲེལ་ཡོད་ཐོན་རྫས། སྐྱོན་བྲལ་འཕེལ་རྒྱས་ཐེབས་རྩ། སྐྱོན་བྲལ་འགན་བཅོལ། ཐཱན་དངུལ་རྩ་སོགས་དངུལ་རྩའི་ལག་ཆ་དང་འབྲེལ་ཡོད་སྲིད་ཇུས་ཀྱིས་སྐྱོན་བྲལ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། སྐྱོན་བྲལ་དངུལ་རྩའི་ལས་སྒོ་དང་ཐོན་རྫས་ལྟ་སྡོམ་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་ལྟ་སྡོམ་སྒྲིག་སྲོལ་དང་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད།
         ཚོགས་འདུའི་ཐོག ཐོན་དབང་ལམ་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་རྨང་རྡོ་ལྟ་བུ་ཡིན། ཐོན་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་བཞིན་ཐོན་དབང་སྲུང་སྐྱོང་བྱེད་པར་ཐོན་དབང་སྲུང་སྐྱོང་དང་འབྲེལ་བའི་ཁྲིམས་འཛུགས་དང་། ཁྲིམས་འཛིན། སྲིད་འཛིན། ཁྲིམས་སྲུང་སོགས་ཁྱབ་ཁོངས་ནང་ཁྲིམས་ལུགས་ཀྱི་འདུ་ཤེས་མངོན་པར་བྱས་ནས་འདྲ་མཉམ་ངང་སྲུང་སྐྱོང་དང་། ཁྱོན་ཡོངས་ནས་སྲུང་སྐྱོང་། ཁྲིམས་བཞིན་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱ་རྒྱུ་ནི་འགག་རྩ་ཡིན་ཞེས་ནན་གསུང་གནང་བ་རེད།
         ཚོགས་འདུའི་ཐོག སྲིད་གཞུང་གིས་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་གསར་གཏོད་བྱས་ནས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་ནུས་པ་དང་སྲིད་གཞུང་གི་ནུས་པ་ལེགས་པར་བཏོན་ཏེ། སྲིད་གཞུང་གིས་ཐོན་ཁུངས་ལ་ཐད་ཀར་བཀོད་སྒྲིག་བྱ་ཤུགས་ཆུང་དུ་ཤུགས་ཆེན་བཏང་ནས་དེའི་ནང་ཁྲོམ་རའི་ལམ་སྲོལ་དང་ཁྲོམ་རའི་བྱ་ཐབས་སྔར་ལས་མང་བ་བཅུག་སྟེ་ཐོན་ཁུངས་བཀོད་སྒྲིག་ལས་བྱུང་བའི་ཕན་ནུས་ཆེ་རུ་གཏོང་དགོས། དམངས་ཡོངས་ལ་བདག་པའི་རང་བྱུང་ཐོན་ཁུངས་ཐད་ཁ་གསལ་གྱི་ཐོན་དབང་ལམ་ལུགས་བཟོས་པ་དང་དོ་དམ་སྒྲིག་གཞི་དང་ཐོན་ཁུངས་རིན་བསྡུའི་བེད་སྤྱོད་ལམ་ལུགས་འཐུས་ཚང་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད།
         ཚོགས་འདུའི་ཐོག དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་མ་གཏོང་བར་འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ་ཡོང་བ་བྱ་རྒྱུ་ནི་འགག་རྩ་ཡིན། ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་སྤྱི་ཡོངས་ནས་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པའི་དབུལ་སྐྱོར་གསར་སྤེལ་ལས་ཀའི་ལམ་སྲོལ་ཞིག་མགྱོགས་མྱུར་ཆགས་པ་བྱེད་དགོས། འགན་འཁྲི་ཁ་གསལ་བ་དང་། རང་སོའི་འགན་འཁྲི་འཁུར་བ། མཉམ་ཤུགས་ངང་འགག་སྒྲོལ་ཡོང་བ་བྱེད་པའི་འགན་འཁྲིའི་མ་ལག་འཛུགས་རྒྱུར་དམིགས་ནས་ཞིབ་ཕྲའི་བྱ་ཐབས་འདོན་པ་དང་བྱ་ཐབས་ནན་པོའི་ཐོག་ནས་དོར་དུ་མེད་པའི་འགན་འཁྲི་ཡག་པོ་སྒྲུབ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ལྷག་པར་དུ་དབུལ་པོའི་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་རིམ་བཞིན་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་གི་སྡེ་ཚན་ཁག་གིས་གོམ་སྟབས་གཅིག་གྱུར་དང་མཉམ་ལས་མཉམ་རོགས་ཐོག་ནས་རང་འགན་གཙང་མ་སྒྲུབ་དགོས་པའི་ནན་གསུང་གནང་བ་རེད།
         ཚོགས་འདུའི་ཐོག་བསྟན་དོན། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་གཏོང་བར་ཐོན་དབང་དང་། འགན་གཙང་ལེན་དབང་ཆ། གཉེར་སྐྱོང་དབང་ཆ་བཅས“དབང་ཆ་གསུམ་བགོས”བྱ་རྒྱུ་ནི་ཁྱིམ་ཚང་གི་འགན་གཙང་ལེན་ལམ་ལུགས་རྗེས་ཀྱི་གྲོང་གསེབ་སྒྱུར་བཅོས་ཀྱི་ལམ་ལུགས་གསར་གཏོད་ཅིག་དང་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་རང་ངོས་སུ་འཐུས་སྒོ་ཚང་དུ་བཏང་བ་ཞིག་རེད། ཞིང་པ་དང་ས་ཞིང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པའི་སྒྱུར་བཅོས་ཀྱི་གཙོ་རྐང་དེར་དམིགས་ཏེ་གྲོང་གསེབ་ཀྱི་ས་ཞིང་གཅིག་སྡུད་ཐོག་དབང་བའི་ལམ་ལུགས་མངོན་འགྱུར་ནུས་ལྡན་ཡོང་རྒྱུ་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་དགོས། གྲོང་གསེབ་ཀྱི་ས་ཞིང་དེ་ཞིང་པར་གཅིག་སྡུད་ཐོག་དབང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བརྟན་པོ་བྱེད་དགོས། ཞིང་དུད་ཀྱི་འགན་གཙང་ལེན་གྱི་དབང་ཆར་སྲུང་སྐྱོང་ནན་ཏན་བྱས་ནས་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཞིང་པའི་ཁྱིམ་ཚང་གི་ས་ཞིང་འགན་གཙང་ལེན་གྱི་གནས་བབ་ཀྱི་ཚབ་བྱེད་མི་རུང་ལ། ཞིང་དུད་ཀྱི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་ཁྲིམས་འགལ་ངང་བཙན་འཕྲོག་དང་ཚད་བཀག་བྱེད་མི་རུང་། ས་ཞིང་གཉེར་སྐྱོང་དབང་ཆ་ལྷུག་ཏུ་བཏང་ནས་གཅིག་སྡུད་བདག་དབང་དང་ཞིང་དུད་ཀྱི་འགན་གཙང་ལེན་དབང་ཆར་ཁྲིམས་བཞིན་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཉེར་སྐྱོང་བྱེད་པོས་རྒྱུན་འཁོར་གན་རྒྱར་བརྟེན་ནས་ཐོབ་པའི་ས་ཆ་གཉེར་སྐྱོང་དབང་ཆར་འདྲ་མཉམ་ངང་སྲུང་སྐྱོང་བྱས་ཏེ་གཉེར་སྐྱོང་གི་སྔོན་དཔག་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་ས་ཁུལ་ཁག་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འཕེལ་རིམ་གྱི་སྤྱིའི་གནས་ཚུལ་ལ་གཙོ་གནད་ཐོག་གདེང་འཇོག་དང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད་ནང་གཏན་ལ་ཕབ་པའི་ཐོན་ཁུངས་ཁོར་ཡུག་གི་གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་དང་དེ་བཞིན་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་དང་ལས་འགན་གལ་ཆེན་ལེགས་གྲུབ་བྱ་ཚུལ་ལ་དཔྱད་ཞིབ་བྱེད་དགོས། ཚོགས་འདུའི་ཐོག་ཅི་ལིན་དང་། ཅང་སུའུ། ཧྲན་ཏུང་། ཧུའུ་ནན། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱིས་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པར་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟ་བྱ་རྒྱུར་མོས་མཐུན་བྱས་པ་རེད།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་པའི་རིག་གནས་སྒྲིག་བཀོད་ཐད་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱོང་སྤེལ་དང་ལག་ལེན་བསྟར་བ་དང་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ་འགོ་འཛུགས་སར་བྱེད་པ་དང་། སྤྱི་པའི་དཔེ་དེབ་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། རིག་གནས་ཁང་། མཛེས་རྩལ་ཁང་། ཚན་རྩལ་ཁང་། གསར་བརྗེའི་དྲན་གསོ་ཁང་བཅས་ལས་སྟེགས་སུ་བྱས་ཏེ་སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་དང་བླངས་ཞབས་ཞུའི་ས་ཚིགས་འཛུགས་སྐྱོང་ལ་སྐུལ་མ་བརྟན་པོ་བཏང་ཁར་རིག་གནས་ཀྱི་དང་བླངས་ཞབས་ཞུའི་ནང་དང་བླངས་པ་རྒྱ་ཁྱབ་ངང་ཞུགས་སུ་བཅུག་སྟེ་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་དཔུང་ཁག་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་དང་བླངས་ཞབས་ཞུ་འགན་ལེན་དང་དེར་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྒྱུར་བཅོས་ཀྱི་འགག་རྩར་བློ་སྟོབས་ཅན་རྣམ་པར་རྒྱལ། དཔའ་ངར་སྐྱེད་དགོས་པ་ལས་བློ་ཞུམ་མི་རུང་། དཀའ་གནད་དམ་འཛིན་དང་ཞན་ཆ་གསབ་ནས་ཁྱབ་སྤེལ་བཏང་མེད་པའི་སྒྱུར་བཅོས་དག་ལ་ཚད་བརྒལ་ངང་སྐུལ་སྤེལ་མགྱོགས་པོ་གཏོང་བ་དང་ཁྱབ་སྤེལ་བཏང་ཟིན་པའི་སྒྱུར་བཅོས་དག་དམིགས་སར་གང་མགྱོགས་དོན་འཁྱོལ་ཡོང་བ་བྱེད་དགོས། ཚོད་ལྟ་དམ་འཛིན་དང་ཚད་བརྒལ་ཡོང་བ་བྱས་ནས་ཚོད་ལྟའི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚོད་ལྟའི་ཕན་འབྲས་དང་། ཉམས་མྱོང་། གནད་དོན་བཅས་ལ་དུས་ཐོག་ཏུ་ཚོད་སྐོར་བྱས་ནས་སྤྱོད་གོ་ཆོད་པ་ར་སྤྲོད་བྱུང་བའི་ཉམས་མྱོང་དང་བྱེད་ཐབས་དག་དུས་ཐོག་ཏུ་ཁྱབ་གདལ་དང་བེད་སྤྱོད་གཏོང་དགོས། ལྟ་ཞིབ་ལ་དམ་འཛིན་དང་དོན་འཁྱོལ་ཡོང་བར་སྐུལ་མ་བཏང་ནས་ལྟ་ཞིབ་ཀྱི་འགན་འཁྲི་དོན་འཁྱོལ་དང་ལྟ་ཞིབ་ལས་ཀའི་བླང་བྱ་ནན་དུ་བཏང་ནས་ལྟ་ཞིབ་ལས་ཀའི་སྒམ་བཙན་རང་བཞིན་དང་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་དམ་འཛིན་དང་ཐུན་མོང་གི་ངོས་འཛིན་ཆགས་པར་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་ཁེ་ཕན་གྱི་བདེ་སྡུག་ཞུ་བ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་གཞི་རིམ་གྱི་ཐོག་མའི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་དང་གཞི་རིམ་གྱི་གསར་གཏོད་དཔེ་མཚོན་ཤེས་རྟོགས་ཐུབ་པར་བྱས་ཏེ་དུས་ཐོག་ཏུ་དྲིལ་བསྒྲགས་དང་ཕྱོགས་སྡོམ་ཁྱབ་གདལ་ཡོང་བ་བྱེད་དགོས།