མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་ཁབ་ཀྱི་དབང་སྐྱོན་སྔོན་འགོག་བྱ་སྤྱོད་
འཆར་གཞི་(2016—2020ལོ)》པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་08ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ 《རྒྱལ་ཁབ་ཀྱི་དབང་སྐྱོན་སྔོན་འགོག་བྱ་སྤྱོད་འཆར་གཞི་ (2016—2020ལོ)》པར་འགྲེམས་བྱས་ནས་དབང་སྐྱོན་སྔོན་འགོག་ལ་ཤུགས་སྣོན་བརྒྱབ་ནས་དབང་སྐྱོན་ཐོན་ཉུང་དུ་གཏོང་བ་དང་ཚོད་འཛིན་ནུས་ལྡན་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།
         《བྱ་སྤྱོད་འཆར་གཞིའི་》ནང་དབང་སྐྱོན་སྔོན་འགོག་བྱེད་རྒྱུ་དེ་མི་སྒེར་གྱི་བདེ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་བཅས་དང་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་རྒྱུ་དེ་གཞི་རྩའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་འཐབ་ཕྱོགས་དང་པོར་དམ་འཛིན་དང་། སྔོན་འགོག་གཙོ་བཟུང་། གཙོ་གནད་གཤམ་སྒྱུར། དམངས་ཡོངས་སྐུལ་སློང་། ཁྲིམས་བཞིན་སྐུལ་འདེད། ཚན་རིག་དང་མཐུན་པའི་ཐབས་ཇུས་འདིང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་ཀྱི་དབང་སྐྱོན་ཉེན་ཁའི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་ཧུར་ཐག་བཏང་སྟེ་དབང་སྐྱོན་ཐོན་རྒྱུ་ཚོད་འཛིན་དང་ཉུང་དུ་ནུས་ལྡན་གཏོང་དགོས། 2020ལོར་སླེབས་སྐབས་དབང་སྐྱོན་སྔོན་འགོག་ལས་དོན་གྱི་མ་ལག་དང་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་དབང་སྐྱོན་སྔོན་འགོག་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་མངོན་གསལ་དོད་དུ་བཏང་ནས་བསྡུར་གཞི་ཡོད་པའི་དབང་སྐྱོན་ཐོན་ཚད་དེ་ཡོང་འབབ་གཅིག་མཚུངས་ཀྱི་རྒྱལ་ཁབ་ཁྲོད་ཅུང་དམའ་བའི་ཆུ་ཚད་དུ་གནས་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
         《བྱ་སྤྱོད་འཆར་གཞིའི་》ནང་གཅིག་ནས་ཆད་སྐྱོན་དང་འཚར་སྐྱེ་ཡག་པོ་མ་བྱུང་བ་དབང་སྐྱོན་དུ་འགྱུར་རྒྱུ་ཚོད་འཛིན་ནུས་ལྡན་བྱེད་དགོས། གཉེན་སྒྲིག་མ་བྱས་གོང་སྨན་ཁང་དུ་བརྟག་དཔྱད་དང་ཕྲུ་གུ་མ་སྐྱེས་གོང་གཟུགས་གཞི་བདེ་ཐང་བརྟག་དཔྱད་ལ་ཤུགས་སྣོན་བརྒྱབ་ནས་ཕྲུ་གུ་མ་སྐྱེས་གོང་འདེམས་བཤེར་དང་བརྟག་དཔྱད་ཡག་པོ་བྱས་ཏེ་གསར་དུ་སྐྱེས་མ་ཐག་པའི་ཕྲུ་གུ་དང་བྱིས་པར་འདེམས་བཤེར་དང་ཐེ་གཏོགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྲུ་གུ་མ་སྐྱེས་གོང་གཟུགས་པོ་བརྟག་དཔྱད་བྱེད་ཚད་དང་ཕྲུ་གུ་མ་སྐྱེས་གོང་འདེམས་བཤེར་བྱེད་ཚད་80%དང་60%ཡན་ཟིན་པ་བྱེད་དགོས། སྐྱེས་མ་ཐག་པའི་ཕྲུ་གུ་དང་བྱིས་པའི་དབང་སྐྱོན་འདེམས་བཤེར་བྱེད་ཚད་85%ཡན་ཟིན་པ་དང་ཐེ་གཏོགས་བྱེད་ཚད་80%ཡན་ཟིན་པ་བྱེད་དགོས་པ་དང་། གཉིས་ནས་ནད་གཞིས་རྐྱེན་པས་དབང་སྐྱོན་དུ་འགྱུར་རྒྱུར་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་དགོས། འགོས་ནད་རང་བཞིན་གྱི་ནད་གཞི་དང་ས་གནས་རང་བཞིན་གྱི་ནད་གཞིས་རྐྱེན་པས་དབང་སྐྱོན་དུ་འགྱུར་ཚད་ཚོད་འཛིན་ནུས་ལྡན་བྱས་ནས་གཅོང་ནད་དང་སྨྱོ་ནད་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ན་ལོན་བྱིས་པར་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་སྔོན་འགོག་སྨན་ཁབ་རྒྱག་ཚད་90%ཡན་ཟིན་པ་བྱས་ཏེ་ཡུལ་ནད་ཚབས་ཆེན་ཐོན་ཁུལ་རྫོང་(གྲོང་ཁྱེར་དང་ཆུས་)ཚོད་འཛིན་དང་མེད་པར་འགྱུར་ཚད་95%ཡན་ཟིན་པ་བྱེད་དགོས་པ། གསུམ་ནས་རྨས་སྐྱོན་ཕོག་ནས་དབང་སྐྱོན་དུ་འགྱུར་རྒྱུ་ཉུང་དུ་ཧུར་ཐག་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་ནས་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཐོན་ཐེངས་དང་མི་སྣ་འཆི་རྨས་གྲངས་འབོར་ཚང་མ་10%མན་དམའ་རུ་གཏོང་དགོས། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་འཕྲུལ་སྒུལ་འཁོར་རིགས་དབང་ཚད་ཆ་སྙོམས་ཀྱི་འགྲིམ་འགྲུལ་ལས་འཛོལ་ནང་མི་འཆི་ཚད་6%བར་དམའ་རུ་གཏོང་དགོས། ཞིང་ཞོར་ཐོན་རྫས་དང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འཐུང་ཆུ་དང་མཁའ་རླུང་སྦགས་བཙོག་བཅོས་སྒྲིག་ལ་ཐེ་གཏོགས་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ནུས་པ་ཆེ་རུ་གཏོང་བ་དང་། བྱིས་པར་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་དང་རྒན་རྒོན་རྡབ་སྐྱོན་ཤོར་ནས་དབང་སྐྱོན་དུ་འགྱུར་ཚད་ཉུང་དུ་གཏོང་དགོས་པ། བཞི་ནས་དྲག་སྐྱེད་ཞབས་ཞུ་ལེགས་སུ་མངོན་གསལ་དོད་པོ་གཏོང་དགོས། དབང་སྐྱོན་བྱིས་པའི་དྲག་སྐྱེད་རོགས་སྐྱོབ་ཀྱི་ལམ་ལུགས་བཙུགས་ནས་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་དྲག་སྐྱེད་ཞབས་ཞུའི་དཀར་ཆག་བཟོ་བ་དང་། གནད་སྨིན་དྲག་སྐྱེད་ཞབས་ཞུའི་བྱ་སྤྱོད་སྤེལ་བ། དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་ཆས་རང་གཤིས་ཅན་གྱི་བེད་སྤྱོད་ཐུབ་པ་བཅས་བྱས་ནས་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་དྲག་སྐྱེད་ཞབས་ཞུ་ཁེབས་ཚད་དང་གཞི་རྩའི་རམ་འདེགས་ཡོ་ཆས་སྤྱོད་ཚད་80%ཡན་ཟིན་པ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
         《བྱ་སྤྱོད་འཆར་གཞིའི་》ནང་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དབང་སྐྱོན་སྔོན་འགོག་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་འབྲེལ་ཡོད་སྲིད་གཞུང་སྡེ་ཚན་གྱི་ལས་ཀའི་འགན་འཁྲིའི་ནང་འཇུག་དགོས་པ་དང་། ཁྲིམས་སྲོལ་དང་སྲིད་ཇུས་ཡག་པོ་བཟོས་ནས་འབྲེལ་ཡོད་ཁྱབ་ཁོངས་སུ་ཁྲིམས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་ལག་རྩལ་ཚད་ལྡན་དུ་གཏོང་བ་དང་ཚད་གཞི་བཟོ་དགོས་པ། ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་ཕྱོགས་བསྡུས་རང་བཞིན་དང་སྤྱི་ཚོགས་རྣམ་པའི་དབང་སྐྱོན་སྔོན་འགོག་ཞབས་ཞུའི་དྲ་རྒྱ་ཆགས་པ་བྱེད་དགོས་པ། སྲིད་ཇུས་ཐད་ནས་རྒྱབ་སྐྱོར་ལེགས་སུ་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ། ཚན་ཞིབ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དབང་སྐྱོན་སྔོན་འགོག་གི་གྲངས་གཞི་ཆེན་པོ་སྤྱོད་ནུས་ཆེ་རུ་གཏོང་བ་དང་། གཅིག་གྱུར་གྱི་དབང་སྐྱོན་སྙན་ཞུའི་ལམ་ལུགས་བཙུགས་ཏེ་དབང་སྐྱོན་སྔོན་འགོག་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་ཚོད་ལྟ་ཁྱབ་སྤེལ་གཏོང་དགོས་པ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས“རྒྱལ་ཡོངས་ཀྱི་དབང་སྐྱོན་སྔོན་འགོག་ཉིན་མོ”གཏན་འཁེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་དབང་སྐྱོན་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་དགོས་པའི་ནན་བཤད་བྱས་ཡོད་པ་རེད།