མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་2016ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བཟོ་ཚོང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་
སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཏམ་བཤད་ཀྱང་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་05ཉིན། 08:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་2016ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བཟོ་ཚོང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་
སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཏམ་བཤད་ཀྱང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་2016ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བཟོ་ཚོང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འགོ་བརྗོད་དུ་《ཀྲུང་གོའི་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པ། གོ་ལ་ཧྲིལ་པོའི་བརྟན་འཕར་གྱི་འཆར་གཞི་གསར་པ་》ཞེས་འཁོད་པའི་བཞེད་དོན་གཏམ་བཤད་ཀྱང་གནང་ཞིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གསར་གཏོད་དང་། སྒོ་དབྱེ། མཉམ་འགུལ། ཁོང་ཡངས་བཅས་ཀྱི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་དེ་འཕར་ཤུགས་ཆེ་དང་། རྒྱུན་མཐུད་ཆོག་པ། དོ་སྙོམས། ཁོང་ཡངས་བཅས་ཀྱི་སྒོ་ནས་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཕྱི་དྲོའི་ཆུ་ཚོད་3པའི་ཐོག་ཞིས་ཅིན་ཕིང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཚོགས་རར་ཕེབས་ཤིང་། ཞིས་ཅིན་ཕིང་གིས་གཏམ་བཤད་གནང་སྐབས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་38ཀྱི་རླབས་ཆེན་འཕེལ་རིམ་ནི་མདུན་སྐྱོད་ཁ་ཕྱོགས་འཚོལ་ཞིབ་བྱས་པའི་འཕེལ་རིམ་ཞིག་དང་། དངོས་འཛིན་དངོས་སྒྲུབ་ཀྱི་འཕེལ་རིམ་ཞིག ཐུན་མོང་འབྱོར་ཕྱུག་གི་འཕེལ་རིམ་ཞིག ཀྲུང་གོ་འདི་ཉིད་འཛམ་གླིང་ཕྱོགས་སུ་སྐྱོད་པ་དང་འཛམ་གླིང་ཀྲུང་གོའི་ཕྱོགས་སུ་སྐྱོད་པའི་འཕེལ་རིམ་ཞིག་བཅས་རེད། ད་ཆའི་ཀྲུང་གོ་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་པ་དང་། འགོ་འཛུགས་ས་གསར་པ་དེ་ནི་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆེ་རུ་གཏོང་བའི་འགོ་འཛུགས་ས་གསར་པ་ཞིག་དང་། ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་འགོ་འཛུགས་ས་གསར་པ་ཞིག ཀྲུང་གོ་དང་འཛམ་གླིང་མཉམ་འགུལ་གཏིང་ཟབ་བྱེད་པ་དང་འཛམ་གླིང་ཕྱོགས་སུ་སྒོ་དབྱེ་གཏིང་ཟབ་བྱེད་པའི་འགོ་འཛུགས་ས་གསར་པ་ཞིག་བཅས་རེད། འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་ཡག་པ་གཏོད་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་ལག་བསྟར་བྱས་ནས་སྒུལ་ཤུགས་དེ་བས་ཆེ་བ་སྣོན་རྒྱུ། བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤུས་ཚད་དེ་བས་མཐོ་བ་དང་ཕན་འབྲས་དེ་བས་ལེགས་པ་དོན་གཉེར་བྱ་རྒྱུ། བློ་བརྟན་འགྱུར་མེད་ངང་དྲང་གཞག་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་མང་ཚོགས་དེ་བས་མང་བར་བདེ་སྐྱིད་བསྐྲུན་རྒྱུ། བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་དབྱེ་རྒྱ་ཆེར་བཏང་ནས་གཉིས་ཁེ་གཉིས་ཕན་དེ་བས་ཆེ་བ་ཐོབ་པ་བྱ་རྒྱུ་བཅས་རེད། དཔལ་འབྱོར་འབྲིང་མཐོའི་མྱུར་ཚད་ཐོག་ནས་འཕར་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་ངོས་འཕེལ་རྒྱས་མུ་མཐུད་མངོན་འགྱུར་བྱེད་པ་དང་ཆབས་ཅིག་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུའི་ཐད་ཀྲུང་གོར་ཡིད་ཆེས་ཡོད་ལ་ནུས་པའང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་ཚོར་འཕྲལ་དུ་བྱ་སྤྱོད་སྤེལ་རྒྱུའི་འབོད་སྐུལ་གནང་བ་སྟེ།
         གཅིག་ནས་ཞི་བདེ་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཤིང་། རྒྱལ་ཁབ་ཁག་གིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ཀྱི་ལྟ་བ་གསར་པ་འཛུགས་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་བའི་བཅའ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་མཐའ་འཁྱོངས་དང་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་གླེང་མོལ་དང་གྲོས་མོལ་བརྒྱུད་མི་མཐུན་པ་དང་རྩོད་གླེང་ཐག་གཅོད་བྱས་ནས་སྔར་བས་གཞུང་དྲང་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།
         གཉིས་ནས་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་མཛའ་གྲོགས་འབྲེལ་བ་ཐུན་མོང་ཐོག་གཏོད་དགོས་ཤིང་། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་དང་། མཐུན་པ་འདུ་ཐབས་དང་མི་མཐུན་དབྱེ་སེལ་བྱེད་པར་རྒྱལ་ཁབ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་གང་ཞིག་ཡིན་རུང་ཚང་མས་ངེས་པར་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པ་དང་། རང་ངོས་འཕེལ་རྒྱས་ཡག་པོ་གཏོང་དགོས་ལ། རྒྱལ་ཁབ་གཞན་དག་འཕེལ་རྒྱས་ཡག་པོ་གཏོང་རོགས་ཀྱང་བྱེད་དགོས། འཛམ་གླིང་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་མི་འདྲ་བ་དང་། རིག་གནས་མི་འདྲ་བ། ལོ་རྒྱུས་མི་འདྲ་བ་བཅས་ཀྱི་རྒྱབ་ལྗོངས་འོག་གི་མི་རྣམས་སྤེལ་རེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་བསྐྲུན་དགོས་པ།
         གསུམ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཐུན་མོང་ཐོག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དུས་བསྟུན་མདུན་སྐྱོད་དང་དུས་བསྟུན་འགྱུར་ལྡོག་གཏོང་བར་འདྲ་མཉམ་རྨང་གཞིར་བྱས་ནས་འཛམ་གླིང་དཔལ་འབྱོར་གྱི་བཀོད་པའི་དོན་དངོས་གསར་པ་སྔར་བས་མཚོན་པར་བྱེད་པ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་བཏང་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁྲོད་རྒྱལ་ཁབ་ཁག་དབར་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། སྒོ་དབྱེ་ཕྱོགས་སྟོན་དང་། མཉམ་ལས་སྒུལ་ཤུགས། མཉམ་སྤྱོད་དམིགས་ཡུལ་བཅས་བྱེད་དགོས། དེང་སྐབས་ཀྱི་དུས་བབ་འོག་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་གཙོ་གནད་ནི་ཐུན་མོང་ཐོག་དྲང་གཞག་ནུས་ལྡན་གྱི་གོ་ལ་ཧྲིལ་པོའི་དངུལ་རྩ་བཅོས་སྐྱོང་གི་རྣམ་པ་བཏོད་ནས་འཛམ་གླིང་དཔལ་འབྱོར་བརྟན་པོའི་སྤྱི་ཡོངས་སྲུང་སྐྱོང་བྱེད་པ་དང་། ཐུན་མོང་ཐོག་སྒོ་དབྱེ་ཁ་གསལ་གྱི་གོ་ལ་ཧྲིལ་པོའི་ཉོ་ཚོང་དང་མ་འཇོག་གི་བཅོས་སྐྱོང་རྣམ་པ་འཛུགས་སྐྱོང་བྱས་ཏེ་ཕྱོགས་མང་ཉོ་ཚོང་གི་སྒྲིག་སྲོལ་བརྟན་གཏོང་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་གི་མ་འཇོག་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་འདོན་པ། ཐུན་མོང་ཐོག་ལྗང་མདོག་ཐཱན་ཉུང་གི་གོ་ལ་ཧྲིལ་པོའི་ནུས་རྒྱུ་བཅོས་སྐྱོང་གི་རྣམ་པ་འཛུགས་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་ལ་སྐུལ་མ་གཏོང་བ། ཐུན་མོང་ཐོག་ཁོང་ཡངས་མཉམ་འགུལ་གྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བཅོས་སྐྱོང་རྣམ་པ་འཛུགས་སྐྱོང་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་དེ་དམིགས་ཚད་དུ་བྱས་ནས་ཐུན་མོང་ཐོག་མིའི་རིགས་ལ་ཕན་བདེ་ཆེ་རུ་གཏོང་དགོས་པ་བཅས་རེད།
         མཇུག་ཏུ་ཞིས་ཅིན་ཕིང་གིས་བཟོ་ཚོང་ལས་རིགས་ནི་འཕར་རྒྱུར་སྐུལ་མ་གཏོང་བའི་ཐོན་སྐྱེད་དཔུང་སྡེ་ཞིག་ཡིན་ལ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བཟོ་ཚོང་མི་སྣ་ལོ་ཧྲིལ་པོའི་ཚོགས་འདུའི་གྲོས་རིམ་ནང་ཧུར་ཐག་ཞུགས་ཏེ་ཧང་ཀྲོའུ་དབུ་ཚོགས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ད་རེས་ཀྱི་བཟོ་ཚོང་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས།
         གཏམ་བཤད་གནང་རྗེས། 2016ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བཟོ་ཚོང་དབུ་ཚོགས་ཀྱི་ཀྲུའུ་ཞི་ཀྲུང་གོ་རྒྱལ་སྤྱི་ཉོ་ཚོང་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་ཅང་ཙེང་ཝེས་ཞིས་ཅིན་ཕིང་ལ་《2016ལོའི་B20སྲིད་ཇུས་གྲོས་འགོའི་སྙན་ཞུ་》ཕུལ་བ་རེད།

༄༅།།ཞིས་ཅིན་ཕིང་2016ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བཟོ་ཚོང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་
སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཏམ་བཤད་ཀྱང་གནང་བ།