མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཆི་པའོ་ཉིང་ཞ་རུ་བརྟག་ཞིབ་གནང་བར་ཕེབས་པ་དང་རིག་གནས་དབུལ་སྐྱོར་ལ་བརྟེན་ནས་
ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བར་རོགས་འདེད་བྱེད་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་08ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ནས་ཚེས་6ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་ཡིས་ཉིང་ཞ་རུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཆབས་ཅིག་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་ཆ་སྙོམས་ཅན་དུ་བསྒྱུར་རྒྱུའི་གཙོ་ཐིག་དམ་པོར་བཟུང་བ་དང་། རིག་གནས་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་རིགས་ས་ཁུལ་དང་ས་ཁུལ་དབུལ་པོ་དག་རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་རོགས་འདེད་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         བརྟག་ཞིབ་གནང་རིང་ལིའུ་ཆི་པའོ་དབྱིན་ཁྲོན་དང་། ཝུའུ་ཀྲུང་། ཀུའུ་ཡོན་སོགས་ས་ཁུལ་གྱི་གྲོང་གསེབ་དང་། ཁེ་ལས། སྡེ་ཁུལ། དྲིལ་བསྒྲགས་རིག་གནས་ཚན་པ་བཅས་སུ་ཕེབས་ཏེ་གསར་འགྱུར་དྲིལ་བསྒྲགས་དང་། སྤྱི་པའི་རིག་གནས་ཞབས་ཞུ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན། གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྤེལ་ཚུལ་རྟོག་ཞིབ་གནང་བ་དང་འབྲེལ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོ་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།
         ལིའུ་ཆི་པའོ་ཡིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྔར་བས་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ལོ་ལྔ་ཚན་བཅུ་གསུམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་བྱེད་པ། ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་སྐོར་གྱི་བསམ་གཞི་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་གསུང་བཤད་ཀྱི་དགོངས་དོན་སྔར་བས་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
         ལིའུ་ཆི་པའོ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་རྒྱུ་ནི་རྨང་གཞིའི་འདུ་འགོད་དང་འཐབ་ཇུས་ཀྱི་འདུ་འགོད་ཅིག་རེད། དེས་ན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ་དང་། སྔོན་ཐོན་དཔེ་མཚོན་སྣ་ཚོགས་རྒྱ་ཁྱབ་ངང་བཙལ་འཚོལ་དང་འཛུགས་གཏོད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་བརྟེན་ནས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་སྒོར་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་འཚོ་བའི་ནང་འཇུག་རྒྱུ་དང་རྩ་བ་ཚུགས་རྒྱུར་སྐུལ་འདེད་གཏོང་དགོས། ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བར་བརྟེན་ནས་མི་རིགས་ཀྱི་གནད་དོན་དང་། ལོ་རྒྱུས་ཀྱི་གནད་དོན། རིག་གནས་ཀྱི་གནད་དོན་བཅས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཏན་ཏིག་ངང་སྤེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཆགས་པར་བྱེད་དགོས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུ་དང་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ཁྲིད་སྟོན་བྱེད་དགོས་པ་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གྱི་སྲུང་སྐྱོང་པ་དང་སྐུལ་འདེད་པ་ཞིག་ཀྱང་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ལིའུ་ཆི་པའོ་ཡིས་རིག་གནས་འབྱོར་འབྲིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་ནང་དོན་གལ་ཆེན་ཞིག་རེད། དེས་ན་རིག་གནས་དབུལ་སྐྱོར་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། ས་ཁུལ་དབུལ་པོའི་རྫོང་བརྒྱ་དང་གྲོང་ཚོ་ཁྲིའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་གྱི་དཔེ་སྟོན་ལས་གྲྭར་དམ་འཛིན་ཡག་པོ་བྱེད་པ། ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་རིག་གནས་ཀྱི་ཕན་པ་ངོ་མ་འདོགས་དགོས། ཉིང་ཞར་རིག་གནས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཤིན་ཏུ་ཚོགས་པོ་ཡོད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་དོན་ལེགས་པར་སྤེལ་བ་དང་། སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་ནང་དོན་གསར་པ་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གང་ལེགས་མཚོན་པར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་བླང་བྱ་གང་ལེགས་མཚོན་པར་བྱེད་པ་བཅས་བྱས་ནས་རིག་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།