མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཀྱི་
གྲུབ་འབྲས་ངོ་སྤྲོད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་08ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཀྱི་གྲུབ་འབྲས་ངོ་སྤྲོད་གནང་བ་རེད།
         ཁོང་གིས་ཉིན་འདི་དག་རིང་འཛམ་གླིང་གིས་ཀྲུང་གོའི་ཧང་ཀྲོའུ་ལ་དོ་སྣང་བྱེད་ཀྱི་ཡོད། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གྱིས་G20ཧང་ཀྲོའུ་དབུ་ཚོགས་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་གནས་ཚུལ་སྤེལ་གཏོང་ཧུར་ཐག་བྱས་ཡོད་ཅེས་བརྗོད།
         ཧྭ་ཁྲུན་ཡིང་གིས་ད་རེས་ཀྱི་དབུ་ཚོགས་ནི་འཛམ་གླིང་དཔལ་འབྱོར་འཕར་བ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་ཕྱོགས་འགྱུར་གྱི་འགག་རྩའི་ལྷུ་ཚིགས་དང་ཏག་ཏག་འཁེལ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཁར་ཕྱོགས་སོ་སོའི་རེ་སྒུག་ཆེན་པོའང་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀུན་གྱི་རེ་ལྟོས་ཆུད་ཟོས་སུ་མི་གཏོང་བར་ཕྱོགས་སོ་སོའི་གསར་གཏོད་དང་། གསོན་ཤུགས། མཉམ་འགུལ། ཁོང་ཡངས་བཅས་ཀྱི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུའི་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་འཛམ་གླིང་དཔལ་འབྱོར་འཕར་བ་དང་མཉམ་ལས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་གྱིས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་འགྲུབ་རྒྱུར་སྐུལ་མ་བཏང་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གསུངས་པ་ལྟར་ཕྱོགས་སོ་སོས་འཛམ་གླིང་དཔལ་འབྱོར་ལ་ཁ་ཕྱོགས་གསལ་སྟོན་དང་བགྲོད་ལམ་འཆར་འགོད་བྱ་རྒྱུའི་ཆོད་སེམས་བཞག་པ་དང་། འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཏེ་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་ཆོད་སེམས་བཞག་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངུལ་རྩ་བཅོས་སྐྱོང་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་འཛམ་གླིང་དཔལ་འབྱོར་གྱི་ཉེན་ཁ་སྔོན་འགོག་བྱེད་ནུས་ཆེ་རུ་གཏོང་རྒྱུའི་ཆོད་སེམས་བཞག་པ། རྒྱལ་སྤྱིའི་ཉོ་ཚོང་དང་མ་འཇོག་གཉིས་ཀྱི་སྒུལ་ཤུགས་ནུས་པ་སླར་གསོ་བྱས་ཏེ་སྒོ་དབྱེ་ཅན་གྱི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུའི་ཆོད་སེམས་བཞག་པ། ཁོང་ཡངས་དང་མཉམ་འགུལ་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མཉམ་ལས་ཀྱི་གྲུབ་འབྲས་གོ་ལ་ཧྲིལ་པོར་སྨན་པར་བྱ་རྒྱུའི་ཆོད་སེམས་བཞག་པ་བཅས་རེད་ཅེས་བརྗོད།
         ཧྭ་ཁྲུན་ཡིང་གིས་ཚོགས་འདུའི་ཐོག་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཀྱི་སྤྱི་བསྒྲགས་》ལ་གྲོས་འཆམ་བྱུང་ནས་G20མཉམ་ལས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་། དམིགས་ཚད། བྱེད་ཐབས་བཅས་སྔར་བས་ཁ་གསལ་བཟོས་ཏེ་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་སྐུལ་མ་གཏོང་ཆེད“ཧང་ཀྲོའུ་ཡི་ཐུན་མོང་ངོས་འཛིན”གྲུབ་ཡོད། ཚོགས་འདུའི་ཐོག་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འཕེལ་རྒྱས་གསར་གཏོད་འཆར་གཞི་》ལ་གྲོས་འཆམ་བྱས་ཏེ་རྩ་བའི་ཆ་ནས་འཛམ་གླིང་དཔལ་འབྱོར་རྒྱུན་བསྲིང་སྐྱོན་བྲལ་ངང་འཕར་བའི་ཐབས་ལམ་བཙལ་ཏེ་ཕྱོགས་ཡོངས་ནས་འཛམ་གླིང་དཔལ་འབྱོར་དུས་ཡུན་རིང་འབྲིང་ནང་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་སེམས་ཐག་བཅད་ཡོད། ཚོགས་འདུའི་ཐོག་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་གོ་ལ་ཧྲིལ་པོའི་ཚོང་དོན་འཕེལ་རྒྱས་འཐབ་ཇུས་》དང་གོ་ལ་ཧྲིལ་པོའི་ཕྱོགས་མང་མ་འཇོག་གི་སྒྲིག་ལམ་སྒྲོམ་གཞི་ཐོག་མ་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་གོ་ལ་ཧྲིལ་པོའི་མ་འཇོག་མཛུབ་ཁྲིད་རྩ་དོན་》བཟོས་ཏེ་མུ་མཐུད་ཕྱོགས་མང་གི་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས་ནས་རང་སྲུང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དམ་བཅའ་བསྐྱར་བསྒྲགས་བྱས་ཡོད། ད་རེས་ཀྱི་དབུ་ཚོགས་ནས་འཕེལ་རྒྱས་ཀྱི་གནད་དོན་དེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་ཀྱི་སྒྲོམ་གཞིའི་གནས་བབ་མངོན་གསལ་དོད་སར་ཐེངས་དང་པོར་བཞག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་ཐད་བྱ་སྤྱོད་འཆར་གཞི་ཐེངས་དང་པོར་བཟོས་ཤིང་། གནམ་གཤིས་འགྱུར་ལྡོག་སྐོར་གྱི་《ཕ་རི་སིའི་གྲོས་ཆོད་》དོན་འཁྱོལ་ཐད་མིག་དཔེའི་ནུས་པ་འདོན་རྒྱུ་མ་ཟད། གྲོས་ཆོད་ཀྱི་ནུས་པ་གང་མྱུར་ཐོན་རྒྱུར་སྐུལ་མ་གཏོང་རྒྱུའི་ཐད་མོས་མཐུན་བྱས་ཡོད། བྱ་སྤྱོད་འཆར་གཞི་དང་དངོས་སྒྲུབ་གྲུབ་འབྲས་དེ་དག་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་རྒྱུ་དང་མིའི་རིགས་ཡོངས་ཐུན་མོང་འཕེལ་རྒྱས་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད། ད་རེས་ཀྱི་དབུ་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་ཚང་མས་ཀྲུང་གོས་G20ཧང་ཀྲོའུ་དབུ་ཚོགས་བདེ་བླག་ངང་གཙོ་གཉེར་བྱས་པར་གདེང་འཇོག་ཡག་པོ་བྱས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་མགྲོན་བདག་རྒྱལ་ཁབ་ཡིན་པའི་ངོས་ནས་G20ཧང་ཀྲོའུ་དབུ་ཚོགས་བདེ་བླག་ངང་གཙོ་གཉེར་བྱ་ཆེད་འབད་བརྩོན་ཆེན་པོ་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེ་དང་ཆབས་ཅིག་G20ཧང་ཀྲོའུ་དབུ་ཚོགས་བདེ་བླག་ངང་གཉེར་ཐུབ་པ་དེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་དང་། སྐུ་མགྲོན་རྒྱལ་ཁབ། རྒྱལ་སྤྱིའི་རྩ་འཛུགས། དེ་བཞིན་འབྲེལ་ཡོད་ལས་རིགས་ཁག་བཅས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་དང་ཡང་ཁ་འབྲལ་ཐབས་མེད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚེས་5ཉིན་གྱི་མཇུག་སྒྲིལ་མཛད་སྒོའི་ཐོག་ཕྱོགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ་དབུ་ཚོགས་ཀྱི་གྲུབ་འབྲས་ཁག་དོན་འཁྱོལ་དང་སྐུལ་སྤེལ་ཧུར་ཐག་བྱེད་པ་དང་། འཛམ་གླིང་དཔལ་འབྱོར་འཕར་སྟངས་ཤུགས་ལྡན་དང་། རྒྱུན་བསྲིང་། དོ་སྙོམས། ཁོང་ཡངས་བཅས་ཡོང་རྒྱུར་མཉམ་དུ་སྐུལ་མ་གཏོང་རྒྱུ་ཡིན། ཧང་ཀྲོའུ་དབུ་ཚོགས་དེ་ཉིད་འགོ་འཛུགས་ས་གསར་པ་ཞིག་ཏུ་གྱུར་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པས་ཧང་ཀྲོའུ་ནས་སླར་ཡང་འགོ་གསར་པ་འཛུགས་ཐུབ་རྒྱུར་ང་ཚོར་ཡིད་ཆེས་ཡོད་ཅེས་བརྗོད།