མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྐབས་དང་པོའི་དར་གོས་ལམ་བུའི་རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་
ཚོགས་ལ་རྟེན་འབྲེལ་ཞུ་ཡིག་བསྐུར་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན་སྐབས་དང་པོའི་དར་གོས་ལམ་བུའི་རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་དེ་ཀན་སུའུ་ཏུན་ཧོང་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་བསྐུར་ནས་རིག་གནས་དངོས་མང་སྟོན་ཚོགས་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
         ཞིས་ཅིན་ཕིང་གིས། ལོ་ངོ་2000ལྷག་ཙམ་གོང་། ཨེ་ཤེ་ཡ་དང་ཡོ་རོབ་མཐུད་པའི་གནའ་བོའི་དར་གོས་ལམ་བུས་ཤར་ནུབ་ཀྱི་མཛའ་གྲོགས་འགྲོ་འོང་དང་ཤེས་དཔལ་སྤེལ་རེས་ཀྱི་འབྲེལ་ཟམ་གལ་ཆེན་ཞིག་བསྐྲུན་ཡོད། ད་ཐེངས་ཀྱི་རིག་གནས་དངོས་མང་སྟོན་ཚོགས་དེ་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་འཕེལ་རྒྱས་ཐུན་མོང་ཐོག་དོན་གཉེར་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་དར་གོས་ལམ་བུའི་ལམ་རྒྱུད་རྒྱལ་ཁབ་ཁག་གི་མཉམ་ལས་སྤེལ་རེས་ལ་ལས་སྟེགས་གལ་ཆེན་ཞིག་བསྐྲུན་ཡོད། སྣ་མང་མཉམ་གནས་དང་། ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཐུན་མོང་ཐོག་ཡར་རྒྱས་འགྲོ་བ། མཉམ་ལས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ཏེ་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རིག་གནས་འདྲ་མཉམ་དར་སྤེལ་གཏོང་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པ། རིག་གནས་གསར་གཏོད་ལ་སྐུལ་འདེད་གཏོང་བ། རིག་གནས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་མིའི་རིགས་ཀྱིས་གསར་གཏོད་བྱས་པའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱིས་དམངས་ཚོགས་དེ་བས་མང་བར་ཕན་པ་བསྐྲུན་ཏེ་འཛམ་གླིང་དེ་བས་མཛེས་པར་བྱེད་དགོས་ཞེས་བསྟན་ཡོད།