མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་ཙུང་ལི་རོན་ཁྲུན་ཕུའུ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 08:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གྱི་ཙུང་ལི་རོན་ཁྲུན་ཕུའུ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཙུང་ལི་རོན་ཁྲུན་ཕུའུ་ཡིས་ཀྲུང་གོར་འཚམས་འདྲི་གནང་བར་དགའ་བསུ་ཞུས་པ་དང་ཝེ་ཐེ་ནམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་པ་དང་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་སྐབས་གསར་པའི་ཏང་སྲིད་འགོ་ཁྲིད་ཚན་ཁག་གཅིག་རྗེས་གཉིས་མཐུད་ངང་ཐོན་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོས་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱས་པ་དེ་ནི་ང་ཚོའི་ཐུན་མོང་གི་འཐབ་ཇུས་ཁེ་ཕན་ཆེ་ཤོས་དེ་ཡིན། དེང་སྐབས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། རེ་བར་ཕྱོགས་གཉིས་པོས་འབྲེལ་བ་དམ་ཟབ་བྱེད་པ་དང་། མཐོ་རིམ་དབར་གྱི་སྤེལ་རེས་མུ་མཐུད་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། གཉིས་ཕན་མཉམ་ལས་གཏིང་ཟབ་བྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མང་བའི་ཕན་བདེ་དངོས་བསྐྲུན་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དབར་གྱི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་ཡག་པོ་བྱེད་པ་དང་མཐོ་རིམ་གྱི་འཐབ་ཇུས་འབྲེལ་གཏུག་ལ་བརྟེན་ནས་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་ལ་སྣེ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་། ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་གྱི་སྙིང་སྟོབས་ལ་བརྟེན་ནས་ཁྱབ་ཁོངས་ཁག་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་མཉམ་ལས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་སྤྱི་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”དང“བར་ཁྱམས་གཉིས་དང་འཁོར་གཅིག”གི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་ཚ་ནན་གཏོང་བ། ཐོན་ནུས་མཉམ་ལས་ཀྱི་ལས་སྟེགས་གསར་པ་གཏོད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་གཙོ་གནད་མཉམ་ལས་རྣམ་གྲངས་དང་ས་མཚམས་ལས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་རྒྱུར་སྐུལ་འདེད་ཚ་ནན་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།