མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་10+3དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞི་བདེ་
བརྟན་ལྷིང་གི་ས་ཁུལ་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་10ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་10+3དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞི་བདེ་
བརྟན་ལྷིང་གི་ས་ཁུལ་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་7ཉིན་གྱི་ཕྱི་དྲོ་ཝན་ཐེན་གྱི་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་གསུམ་གྱི་(10+3)འགོ་ཁྲིད་པའི་ཚོགས་འདུ་ཐེངས་བཅུ་དགུ་པར་ཞུགས་པ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་འགོ་ཁྲིད་པ་དང་། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་བཅས་ཀྱང་ཚོགས་འདུར་ཞུགས་པ་རེད། ལོ་སིའི་ཙུང་ལི་ཐུང་ལུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ལི་ཁེ་ཆང་གིས་གཏམ་བཤད་གནང་སྐབས་10+3མཉམ་ལས་བྱས་ནས་ལོ་19སོང་ལ་གྲུབ་འབྲས་ཆེན་པོའང་ཐོབ་ཡོད། ན་ནིང་ཚུན་དུ་10+3ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་འཕེལ་རྒྱས་གསར་པའང་བྱུང་ཡོད། དུས་སང་ནི་10+3མཉམ་ལས་བྱས་ནས་ལོ་20འཁོར་བའི་ལོ་ཞིག་ཡིན། ཕྱོགས་ཁག་གིས་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བྱས་ཏེ་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་སྒྱུར་བའི་ཁྲོད་ཀྱི་10+3གྱི་འབྲེལ་ལམ་ཨ་མའི་ནུས་པ་སྲ་བརྟན་དུ་བཏང་ནས་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ཨེ་ཤེ་ཡ་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་ན་ཞི་བདེ་བརྟན་ལྷིང་གི་ས་ཁུལ་ཁོར་ཡུག་ཅིག་དགོས། མིག་སྔར་ཨེ་ཤེ་ཡའི་བདེ་འཇགས་དུས་བབ་སྤྱིར་ན་བརྟན་པོ་ཡོད། ང་ཚོས་དེར་གཅེས་འཛིན་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་ཨེ་ཤེ་ཡའི་བདེ་འཇགས་ལྟ་བ་དར་སྤེལ་གཏོང་བ་དང་ཆབས་ཅིག་ཕྱོགས་ཁག་ལ་ཕན་པའི་བདེ་འཇགས་སྒྲོམ་གཞི་འཛུགས་པ་དང་། ཟུར་འབུད་རང་བཞིན་ཆུང་དུ་གཏོང་བ། ཁ་གཏད་དུ་ལངས་པའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་པ། དམིགས་བསལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་འོས་འཚམ་བཅས་བྱས་ནས་ས་ཁུལ་གྱི་དོན་དངོས་དང་མཐུན་པའི་བདེ་འཇགས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད།
         ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་ཐུན་མོང་ཐོག་འབད་བརྩོན་གྱིས་10+3མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཞི་བདེ་དང་བདེ་འཇགས་ཀྱི་ས་ཁུལ་ཞིག་ཡིན་པའི་ས་ཁུལ་དེ་ག་ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་བྱེད་འཕྲུལ་འཁོར་གསར་པ་ལྟ་བུར་འགྱུར་བ་བྱས་ནས་འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་དང་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཕྱིར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཚོགས་ཞུགས་འགོ་ཁྲིད་པ་ཚོས་10+3མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ་ཡར་བརྩོན་གྱི་རྣམ་པ་ཞིག་ཀྱང་རྒྱུན་འཁྱོངས་བྱེད་བཞིན་ཡོད། དེ་ཁུལ་ཁོངས་མཉམ་ལས་ཀྱི་འབྲེལ་ལམ་གལ་ཆེན་ཞིག་ཏུ་གྱུར་ནས་ས་ཁུལ་བརྟན་ལྷིང་དང་དར་རྒྱས་ཡོང་རྒྱུར་ལེགས་སྐྱེས་ཕུལ་ཡོད། དུས་སང་ནི་ལམ་སྲོལ་དེ་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་ཡིན། ཕྱོགས་ཁག་གིས་ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་ཐུན་མོང་རྩ་འཛུགས་འཛུགས་རྒྱུའི་འཆར་གཞི་བཀོད་དེ་10+3མཉམ་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཚོང་དོན་མ་འཇོག་ཆུ་ཚད་མཐོ་རུ་གཏོང་བ། ཕན་ཚུན་སྦྲེལ་མཐུད་དང་། ནོར་སྲིད་དངུལ་རྩ། ཞིང་ལས། དབུལ་པོ་ཉུང་གཏོང་། གནོད་འཚེ་སྔོན་འགོག གནོད་འཚེ་ཉུང་གཏོང་། ཁེ་ལས་འབྲིང་ཆུང་། གློག་རྡུལ་ཚོང་དོན། ན་རྒས་ཅན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་གི་འཕེལ་རྒྱས་དང་རྒྱུན་མཐུད་ཀྱི་འཕེལ་རྒྱས་ཡོང་བ་བྱེད་དགོས། སློབ་གསོ་དང་། རིག་གནས། ཡུལ་སྐོར་བཅས་ཀྱི་མཉམ་ལས་དམ་ཟབ་བྱས་ནས་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་དགོས། ལོ་མང་རིང་ས་ཁུལ་དེ་གའི་དུས་བབ་བརྟན་ལྷིང་བྱུང་ཡོད། སླར་ཕྱིན་ཕྱོགས་ཁག་གིས་ལངས་ཕྱོགས་སྔར་བས་མཐུན་འགྲིག་ཡོང་ཐབས་བྱེད་པ་དང་། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཐད་ཀྱི་འཇིགས་སྐུལ་ལ་ཁ་གཏད་ནུས་ལྡན་གཅོག་པ། འཇིགས་སྐུལ་རིང་ལུགས་དང་མཐར་སོན་རིང་ལུགས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་ཐོག་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།