མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་
ཚོགས་འདུ་ཐེངས་ཉེར་བརྒྱད་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་11ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་ནི་སྒྱུར་བཅོས་ཀྱི་འགན་འཁྲིའི་བྱེད་པོ་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། བསམ་བློར་བཅིངས་འགྲོལ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཆེར་གཏོང་བཅས་རྩ་བའི་གཉེར་ཕྱོགས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་དང་རང་གིས་གསར་བརྗེ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། བསམ་བློའི་ངོས་འཛིན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། སྒྱུར་བཅོས་སྤྱི་ཡོངས་ནས་བྱེད་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་དགོས། སྒྱུར་བཅོས་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའུ་ཡན་ཧྲན་དང་ཀྲང་ཀའོ་ལི་སོགས་ཚོགས་འདུར་ཕེབས་པ་རེད།
         ཚོགས་འདུའི་ཐོག་《གནོད་འཚེ་སྔོན་འགོག་དང་། གནོད་འཚེ་ཉུང་གཏོང་། རྒུད་སྐྱོབ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དང་། 《བསྡོམས་རྩིས་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་དུ་བཏང་ནས་བསྡོམས་རྩིས་གཞི་གྲངས་ཀྱི་མངོན་སུམ་རང་བཞིན་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ཁྲིམས་ལུགས་འཛུགས་སྐྱོང་ནང་སྔར་བས་འཇུག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《རྒན་གསོ་ཞབས་ཞུའི་ཁྲོམ་རའི་སྒོ་མོ་ཕྱོགས་ཡོངས་ནས་ཕྱེ་སྟེ་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》《བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《སྒུལ་བདེ་དྲ་སྦྲེལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《དཔལ་འབྱོར་འཕེལ་རྒྱས་འགྲོ་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《འབྲེལ་ཡོད་ཁྱབ་ཁོངས་ཀྱི་མིང་འགོད་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱིའི་ཇུས་གཞི》《ཞིང་ཆེན་རིམ་པའི་བར་ཁམས་འཆར་འགོད་ཀྱི་ཚོད་ལྟའི་ཇུས་གཞི་》བཅས་ལ་གྲོས་ཞིབ་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།