མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དེང་རབས་ཅན་གྱི་མེ་ཤུགས་འཕུར་མདའི་དམག་དཔུང་སྟོབས་ཆེན་ཞིག་
ཧུར་ཐག་ངང་སྐྲུན་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 08:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་དེང་རབས་ཅན་གྱི་མེ་ཤུགས་འཕུར་མདའི་དམག་དཔུང་སྟོབས་ཆེན་ཞིག་
ཧུར་ཐག་ངང་སྐྲུན་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚེས་26ཉིན་གྱི་སྔ་དྲོ་མེ་ཤུགས་འཕུར་མདའི་དམག་དཔུང་ལ་གཟིགས་ཞིབ་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་མེ་ཤུགས་འཕུར་མདའི་དམག་དཔུང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། མེ་ཤུགས་འཕུར་མདའི་དམག་དཔུང་གི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད། ཁོང་གིས་མེ་ཤུགས་འཕུར་མདའི་དམག་དཔུང་ནི་རང་རྒྱལ་གྱི་འཐབ་ཇུས་ཟིལ་གནོན་གྱི་ལྟེ་བའི་སྟོབས་ཤུགས་དང་། རང་རྒྱལ་གྱི་རྒྱལ་ཁབ་ཆེན་པོའི་གནས་བབ་ཀྱི་འཐབ་ཇུས་འདེགས་སྐྱོར། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་རྨང་རྡོ་གལ་ཆེན་བཅས་རེད། དུས་བབ་གསར་པའི་འོག་གི་ཏང་གི་དམག་སྟོབས་ཆེ་རུ་གཏོང་བའི་དམིགས་ཚད་དེ་ཁྲིད་སྟོན་དུ་བྱས་ནས་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་སྐྲུན་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་འཐབ་ནུས་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་མེ་ཤུགས་འཕུར་མདའི་དམག་དཔུང་སྟོབས་ཆེན་ཞིག་ཧུར་ཐག་ངང་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
         མེ་ཤུགས་འཕུར་མདའི་དམག་དཔུང་ནི་ན་ནིང་ལོ་མཇུག་ཏུ་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་བཙུགས་པ་ཞིག་ཡིན་པ་དང་། ཞིས་ཅིན་ཕིང་སྐུ་ངོ་མས་མེ་ཤུགས་འཕུར་མདའི་དམག་དཔུང་ལ་དམག་དར་གནང་བ་དང་འབྲེལ་བསླབ་བྱའི་གཏམ་གསུངས་པ་རེད།
         སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་དུ་ཞིས་ཅིན་ཕིང་མེ་ཤུགས་འཕུར་མདའི་དམག་དཔུང་ལས་ཁུངས་སུ་ཕེབས་ནས་མེ་ཤུགས་འཕུར་མདའི་དམག་དཔུང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། དགྱེས་ཚོར་ཆེན་པོའི་སྒོ་ནས་ཚང་མ་དང་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
         དྲན་རྟེན་སྐུ་པར་བསྐྱོན་རྗེས་ཞིས་ཅིན་ཕིང་གིས་མེ་ཤུགས་འཕུར་མདའི་དམག་དཔུང་གི་ལས་དོན་སྙན་ཞུ་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཆེ་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགྲན་སློང་གལ་ཆེན་འཕྲད་པའི་མདུན་དུ་མེ་ཤུགས་འཕུར་མདའི་དམག་དཔུང་གིས་དམག་འཁྲུག་གི་ཉེན་ཁ་བཀག་འགོག་དང་། རང་རྒྱལ་གྱི་བདེ་འཇགས་དང་ཕན་ཡོད་ཀྱི་འཐབ་ཇུས་རྣམ་པ་གཏོད་པ། གོ་ལ་ཧྲིལ་པོའི་འཐབ་ཇུས་དོ་སྙོམས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཐོན་ཡོད། དེང་སྐབས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་བཞིན་ཡོད་ལ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་རླབས་ཆེའི་འཐབ་རྩོད་མང་པོ་ཞིག་བྱེད་བཞིན་ཡོད་པས་འཐབ་ཇུས་ཀྱི་བདེ་འཇགས་ལྡན་པའི་ཁོར་ཡུག་བཟང་པོ་གཏོད་དགོས་ཀྱི་ཡོད། མེ་ཤུགས་འཕུར་མདའི་དམག་དཔུང་གིས་ལོ་རྒྱུས་ཀྱི་ལས་སྐལ་ལ་ངོས་འཛིན་གཏིང་ཟབ་དང་སྟངས་འཛིན་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས་འཐབ་ཇུས་ནུས་པ་ཏན་ཏིག་ངང་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་འཐབ་ཇུས་ཐད་ཀྱི་བཀག་འགོག་ནུས་པ་ཆེ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ་དང་། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་དང་དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱེད་པ། མེ་ཤུགས་འཕུར་མདའི་འཕེལ་རྒྱས་འཐབ་ཇུས་དང་འཛུགས་སྐྲུན་འཆར་འགོད་ཀྱི་འཆར་གཞི་བཟོ་བ་བཅས་བྱས་ནས་མེ་ཤུགས་འཕུར་མདའི་དམག་དཔུང་གི་སྟོབས་ཤུགས་གྲུབ་ཆ་དང་དཔུང་སྡེ་དེ་བས་ཚན་རིག་དང་མཐུན་པ་ཞིག་བཟོས་ཏེ་འཐབ་ནུས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་དགོས། དངོས་འཐབ་ཅན་དུ་འགྱུར་རྒྱུ་གྲ་སྒྲིག་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་སླ་བཅོས་སྤུ་ཙམ་ཡང་མེད་པའི་སྒོ་ནས་དམ་འཛིན་ཡག་པོ་བྱས་ཏེ་དམག་ཡོངས་མཉམ་འབྲེལ་ངང་དམག་འཐབ་བྱེད་པའི་བཀོད་འདོམས་མ་ལག་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། རྒྱུན་གྲབས་ལྷོད་མེད་དང་དུས་དང་རྣམ་པ་ཀུན་ཏུ་དམག་འཐབ་བྱེད་ནུས་པའི་དམག་གྲབས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། འཐབ་ཇུས་བཀོལ་སྤྱོད་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཛུགས་སྐྲུན་ལ་དམ་འཛིན་གྱིས་དམག་གྲབས་བྱེད་པ་དང་བཀོལ་སྤྱོད་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་འཐབ་ཇུས་སྟོབས་ཤུགས་བཀོལ་སྤྱོད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཕྱོགས་ཡོངས་ནས་སྟངས་འཛིན་བྱས་ཐོག་འཐབ་ནུས་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མེ་ཤུགས་འཕུར་མདའི་དམག་དཔུང་གི་བསམ་བློ་དང་ཆབ་སྲིད་ཐད་ཉམས་སད་ཁྱད་པར་ཐེག་ཐུབ་པའི་འགན་ལེན་བྱས་ཏེ་སྲ་ཞིང་བརྟན་པའི་དད་པ་དང་། སྲ་ཞིང་བརྟན་པའི་དད་སེམས། བཙན་ཞིང་ནན་པའི་སྒྲིག་ཁྲིམས། ནན་ཞིང་ཕོད་པའི་འགན་སེམས་བཅས་ལྡན་པའི་ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་ཞིག་གཏོད་དགོས་པ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་དམ་འཛིན་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། དཔོན་དམག་གི་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཤུགས་ཆེར་གཏོང་བ། དཔུང་སྡེས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བཅས་བྱས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་དགོས་པ། དུས་བབ་གསར་པའི་འོག་གི་དཔུང་སྡེའི་ཏང་འཛུགས་སྐྱོང་གི་ཁྱད་ཆོས་དང་ཆོས་ཉིད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། བྱེད་སྟངས་དང་བྱེད་ཐབས་ལེགས་སུ་གཏོང་བ། ཏང་འཛུགས་སྐྱོང་ལས་ཀའི་དུས་རབས་ཀྱི་འདུ་ཤེས་དང་ཚན་རིག་རང་བཞིན་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ་བཅས་བྱས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེ་རུ་གཏོང་དགོས་པ། མེ་ཤུགས་འཕུར་མདའི་དམག་དཔུང་ལ་དམིགས་སུ་ཡོད་པའི་དམག་འཐབ་སྙིང་སྟོབས་དང་། དམག་འཐབ་སྤྱོད་ཚུལ། དམག་འཐབ་བློ་རྩ་བཅས་སྐྱེད་སྲིང་བྱས་ཏེ་སྦྱོང་བརྡར་བྱེད་དུས་སྒྱིད་ལུག་མེད་པ་དང་། དམག་གྲབས་བྱེད་དུས་ལྷོད་གཡེང་མེད་པ། དམག་རྒྱག་དུས་ཤི་རྒྱུར་མི་སྐྲག་པ་བཅས་ཀྱི་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་ཆགས་པ་བྱེད་དགོས་པ། ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་ཤུགས་བརྒྱབ་ནས་ཤེས་ལྡན་པ་ནང་འདྲེན་དང་། སོར་ཉར། དོ་དམ། བེད་སྤྱོད་བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་ཁྱོན་ཆེ་བ་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ། གཏིང་ཤུགས་རྒྱུན་མཐུད་བཅས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཧུར་ཐག་ངང་གཏོད་དགོས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་བྱེད་པ་དང་། མཐོ་རིམ་དང་འབྲིང་རིམ་འགོ་ཁྲིད་ལས་བྱེད་པའི་སློབ་གསོ་དོ་དམ་གྱི་ལྟ་སྐུལ་ལ་དམ་འཛིན་བྱས་ཏེ་དམག་དཔུང་གི་ལས་བྱེད་པ་བཟང་པོའི་ཚད་གཞི་ལྟར་མི་སྣ་འདེམས་སྤྱོད་བྱས་ནས་དཔུང་སྡེའི་ཆབ་སྲིད་ཁོར་ཡུག་དྭངས་གཙང་ཡོང་བ་བྱེད་དགོས། རིམ་པ་ཁག་གིས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོ་སྤེལ་ནས་སྤྲོ་སེམས་ཆེན་པོས་དཔོན་དམག་གི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་ཐོག་གཞི་རིམ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་བསྟན་གནང་བ་རེད།