མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཁུ་པའི་འགོ་ཁྲིད་ལའོའར·ཁ་སི་ཐེ་ལུའོ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ལི་ཁེ་ཆང་གིས་ཁུ་པའི་འགོ་ཁྲིད་ལའོའར·ཁ་སི་ཐེ་ལུའོ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་24ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧ་ཝ་ན་གསར་བརྗེའི་ཕོ་བྲང་དུ་ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ཡིན་པའི་ལའོའར·ཁ་སི་ཐེ་ལུའོ་དང་གྲོས་མོལ་གནང་བ་རེད།
         ལི་ཁེ་ཆང་གིས་དང་ཐོག་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུའུ་ཞི་ལའོའར·ཁ་སི་ཐེ་ལུའོ་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་ཞིང་། ལི་ཁེ་ཆང་གིས་ཀྲུང་ཁུ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་56སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཕྱིན་ཡོད། ཀྲུང་གོས་ཀྲུང་ཁུའི་མཛའ་གྲོགས་ཀྱི་བྱེད་ཕྱོགས་ལ་འགྱུར་བ་མི་གཏོང་རྒྱུ་མཐའ་འཁྱོངས་དང་། ཁུ་པ་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུར་རོགས་རམ་བྱེད་རྒྱུའི་ཆོད་སེམས་ལ་འགྱུར་བ་མི་གཏོང་རྒྱུ་མཐའ་འཁྱོངས། ཀྲུང་ཁུའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཁ་ཕྱོགས་ལ་འགྱུར་བ་མི་གཏོང་རྒྱུ་བཅས་ཡིན། དུས་བབ་གསར་པའི་འོག ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་མཐོ་རིམ་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་ཀྲུང་ཁུའི་འབྲེལ་བ་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་གིས་མིག་སྔར་ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་ཀར་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་དགོས་གཏུགས་ཀྱི་ལས་འགན་ལྕི་པོ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་མཉམ་ལས་ལ་དམིགས་ནས། ཁུ་པའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་རོགས་སྐྱོར་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་སོགས་འཛུགས་སྐྲུན་འཆར་འགོད་དང་བཟོ་ལས་སྒྲིག་ཆས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་མཉམ་ལས་བྱེད་པ་དང་། ཉོ་ཚོང་འགྲོ་འོང་དང་མ་འཇོག་མཉམ་ལས་རྒྱ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་རིགས་སྟོབས་མཉམ་ལས་བྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེར་བཏང་ནས་གཞོན་སྐྱེས་ཤེས་ལྡན་པའི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་ཀྲུང་ཁུའི་མཛའ་གྲོགས་དེ་འཕེལ་རྒྱས་ཁྲོད་མི་རབས་རིམ་བརྒྱུད་ཀྱིས་རྒྱུན་འཛིན་བྱེད་དུ་འཇུག་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ལའོའར·ཁ་སི་ཐེ་ལུའོ་ཡིས་ཁུ་པ་ཕྱོགས་ཀྱིས་ཙུང་ལི་ལི་ཁེ་ཆང་ཁུ་པར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ད་རེས་འཚམས་འདྲིར་ཕེབས་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་ཁུའི་འབྲེལ་བ་དང་མཉམ་ལས་ཀྱི་གྲོས་འགོར་སྐུལ་འདེད་བཏང་ནས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད་ལ། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་སྤེལ་རེས་རྒྱ་ཆེར་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་ཕན་སྐྲུན་པ་བཅས་དང་ཆབས་ཅིག་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།

༄༅།།ལི་ཁེ་ཆང་གིས་ཁུ་པའི་འགོ་ཁྲིད་ལའོའར·ཁ་སི་ཐེ་ལུའོ་དང་གྲོས་མོལ་གནང་བ།
༄༅།།ལི་ཁེ་ཆང་གིས་ཁུ་པའི་འགོ་ཁྲིད་ལའོའར·ཁ་སི་ཐེ་ལུའོ་དང་གྲོས་མོལ་གནང་བ།