མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་ལིའུ་ཧྭ་ཆིང་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་
འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།བློ་མཐུན་ལིའུ་ཧྭ་ཆིང་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་
འདུ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་28ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བློ་མཐུན་ལིའུ་ཧྭ་ཆིང་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་རླབས་ཆེན་གྱི་བྱ་གཞག་མཐའ་དག་སྔ་མཐུད་ཕྱི་སྤེལ་དང་སྔ་འཛིན་ཕྱི་མཐུད་ཁྲོད་སྐུལ་འདེད་གཏོང་དགོས། ང་ཚོས་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་རྩ་བ་རྒྱུན་འཛིན་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་འཕེལ་རིམ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་དུས་རབས་དང་། མི་དམངས། མི་རབས་གོང་མ་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གཏོད་རྒྱུ་དེ་ང་ཚོས་གསར་བརྗེ་བ་རྒན་གྲས་ལ་དྲན་གསོ་ཡག་ཤོས་ཞུས་པ་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བློ་མཐུན་ལིའུ་ཧྭ་ཆིང་གི་སྐུ་ཚེ་ཧྲིལ་པོར་ཕྱིར་དྲན་གནང་སྟེ་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་ཁོངས་མི་ཞིག་ཡིན་པའི་བློ་མཐུན་ལིའུ་ཧྭ་ཆིང་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ཐབས་ཇུས་གལ་ཆེན་རབ་དང་རིམ་པའི་ནང་ཞུགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད། བློ་མཐུན་ལིའུ་ཧྭ་ཆིང་གི་སྐུ་ཚེ་ཧྲིལ་པོ་ནི་གཟི་བརྗིད་ལྡན་པའི་སྐུ་ཚེ་དང་དམག་འཐབ་ཀྱི་སྐུ་ཚེ་ཞིག་ཡིན། ཁོང་གིས་རང་རྒྱལ་གྱི་གསར་བརྗེ་འཛུགས་སྐྲུན་གྱི་སྒྱུར་བཅོས་བྱ་གཞག་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་མཛད་རྗེས་བཞག་གནང་ཡོད་པས་ཏང་དང་མི་དམངས་ཀྱིས་དུས་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་རེད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་ན་མཐའ་མའི་འབྲས་བུ་ལག་ཏུ་སོན་པའི”ཕུགས་བསམ་དད་སེམས་ནི་རང་རེའི་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་ཞིག་ཡིན། ང་ཚོས་ངེས་པར་དུ་ཕུགས་བསམ་དད་སེམས་བརྟན་པོ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་དང་ཆ་རྐྱེན་ཇི་ལྟར་གྱུར་རུང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་སྲ་ཞིང་བརྟན་པའི་དད་སེམས་མཁན་དང་བསམ་པ་རྣམ་དག་གི་ལག་ལེན་མཁན་ཞིག་རང་རྟོགས་ངང་བྱེད་པ་བཅས་བྱས་ཏེ་དུས་ནམ་ཡང་བདེན་པའི་ཆེད་འཐབ་རྩོད་དང་ཕུགས་བསམ་ཆེད་འཐབ་རྩོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།