མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ།

         ཞིས་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ། 
         ལི་ཁེ་ཆང་དང་ལིའུ་ཡུན་ཧྲན་གྱིས་པེ་ཅིང་དུ་འཕེན་གཏོང་གི་གནས་ཚུལ་དངོས་ལ་གཟིགས་ཞིབ་གནང་བ།
         ལྷ་གྲུ་ཨང་བཅུ་གཅིག་པ་སུམ་རྩེན་ཨང་གཉིས་པ་དང་སྣོལ་འདུ་སྦྲེལ་མཐུད་བྱེད་པར་བསྐྱོད་པ་དེ་ལས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་པ་མཚོན་གྱི་ཡོད། པེ་ཅིང་གི་དུས་ཚོད་ཟླ་10ཚེས་17ཉིན་གྱི་ཆུ་ཚོད་7དང་སྐར་མ་49ཐོག་སུམ་རྩེན་ཨང་གཉིས་པ་དང་སྣོལ་འདུ་སྦྲེལ་མཐུད་ལས་འགན་སྒྲུབ་མཁན་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མཁའ་དབྱིངས་སུ་འཕེན་གཏོང་བྱས་རྗེས་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་གནད་འཁེལ་ངང་སླེབས་ནས་འཇིག་རྟེན་འཕུར་སྐྱོད་པ་གཉིས་པོ་བདེ་བླག་ངང་བར་སྣང་དུ་འབྱོར་བ་རེད། རྒྱ་གར་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བརྒྱད་པར་ཕེབས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཕྲལ་མར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ་རེད།
         ཞིས་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ་དགའ་སྤྲོའི་ངང་ཐོས་བྱུང་བས་ངས་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་མི་སྣ་ཡོངས་དང་འཇིག་རྟེན་འཕུར་སྐྱོད་པ་ཚོར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ནི་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་དུས་དཀྱིལ་གྱི་བཅའ་སྡོད་ཐོག་མར་ཐུབ་པ་བྱས་ནས་རྒྱལ་སྤྱིའི་ཚན་རིག་གི་འཐབ་ས་མདུན་མ་དང་མཐོ་གསར་ལག་རྩལ་གྱི་འཕེལ་ཕྱོགས་མཚོན་པའི་བར་སྣང་གི་ཚན་རིག་དང་ཉེར་སྤྱོད་ལས་འགན་ཁག་གཅིག་བསྒྲུབ་རྒྱུ་དེ་ཐོག་ནས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་འདུ་འགོད་ལ་འཕེལ་རྒྱས་ཆེན་པོ་གསར་པ་བྱུང་བ་མཚོན་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་བར་སྣང་གི་འཚོལ་ཞིབ་ལ་རྫོགས་མཐའ་མེད་པ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་འགག་སྒྲོལ་ལས་འགན་ཆེ་ལ་ལམ་ཐག་རིང་པོ་རེད། བློ་མཐུན་ཚོས་མི་བཞུགས་འཇིག་རྟེན་འཕུར་སྐྱོད་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྗེས་མཐུད་ཀྱི་ལས་དོན་ཁག་ཚགས་ཚུད་ངང་ཡག་པོ་བསྒྲུབས་ཏེ་གཏན་ལ་ཕབ་པའི་ལས་འགན་དང་དམིགས་ཚད་ལེགས་གྲུབ་ཡོང་བ་བྱས་ནས་མི་བཞུགས་འཇིག་རྟེན་འཕུར་སྐྱོད་པའི་བྱ་གཞག་གོང་འཕེལ་ཡོང་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ་ཀྲུང་གོ་བས་བར་སྣང་ཐོག་འཚོལ་ཞིབ་བྱེད་པའི་གོམ་པ་སྤོ་ཤུགས་དེ་བས་ཆེ་རུ་བཏང་སྟེ་འཇིག་རྟེན་འཕུར་སྐྱོད་པའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཚེས་17ཉིན་གྱི་ཐོ་རེངས་ཆུ་ཚོད་4དང་སྐར་མ་15ཐོག་འཇིག་རྟེན་འཕུར་སྐྱོད་པ་ཐོན་པའི་མཛད་སྒོ་དེ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་ཝུན་ཐེན་ཀོ་རུ་འཚོགས་པ་རེད། ཧྥན་ཁྲང་ལུང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཚབ་ཞུས་ནས་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་མཁན་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་དང་ཁྲེན་ཏུང་གཉིས་པོར་བྱམས་བརྩེའི་ངང་གཟིགས་པ་རེད།
         འཇིག་རྟེན་འཕུར་སྐྱོད་པ་ཚོས་བཀའ་བཀོད་བརྩི་བཀུར་དང་། བཀོད་འདོམས་ཉན་པ། བབ་བརླིང་བརྟན་གསུམ། བཀོལ་སྤྱོད་ཚགས་ཚུད་བཅས་བྱས་ནས་ལས་འགན་ཐུགས་གྲ་ལེགས་འགྲིག་ངང་ལེགས་གྲུབ་བྱ་རྒྱུ་ཡིན་པས་མེས་རྒྱལ་དང་མི་དམངས་ཐུགས་བློ་བདེ་པོ་གནང་རོགས་ཞེས་གཟབ་ནན་ངང་བརྗོད་པ་རེད། ཕེབས་སྐྱེལ་ཞུ་མཁན་མི་ཚོགས་ཀྱི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཁྲོད་འཇིག་རྟེན་འཕུར་སྐྱོད་པ་ཚོ་རླངས་འཁོར་ནང་བསྡད་ནས་འཕེན་གཏོང་བྱ་ཡུལ་དུ་བསྐྱོད་དེ་འཕུར་གྲུ་འཕེན་གཏོང་མ་བྱས་གོང་གི་གྲ་སྒྲིག་ལེགས་པར་བྱས་པ་རེད།
         འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་Fརྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཨང་བཅུ་གཅིག་པ་འགྱིང་ངེར་གནས་ནས་འཕེན་གཏོང་གྲ་སྒྲིག་ཨང་བསར་བྱས་ནས་བསྡད་ཡོད།
         ཆུ་ཚོད་7དང་སྐར་མ་20ཡི་ཐོག་ལི་ཁེ་ཆང་དང་ལིའུ་ཡུན་ཧྲན་སོགས་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་པའི་འདུ་འགོད་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་འཕུར་གྲུ་འཕེན་གཏོང་གི་གནས་ཚུལ་དངོས་ལ་གཟིགས་ཞིབ་གནང་བ་རེད།
         ཆུ་ཚོད་7དང་སྐར་མ་30ཡི་ཐོག“མེ་སྤོར”ཞེས་པའི་བཀའ་ཕབ་པ་དང་བསྟུན་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་ལྡིར་སྒྲ་དང་བཅས་མཁའ་དབྱིངས་སུ་འཕེན་གཏོང་བྱས་ནས་མཐའ་ཡས་བར་སྣང་དུ་འཕུར།
         ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་བཀོད་འདོམས་ཚོམས་ཆེན་ཡུལ་དངོས་ཀྱི་གློག་རྡུལ་བརྙན་ཡོལ་ཐོག་མེ་ཤུགས་འཕུར་མདའ་དང་འཕུར་གྲུ་འཁོར་གཉེར་ཐུབ་པའི་འཁོར་ལམ་དང་དཔྱད་གྲངས་མངོན་པར་ལས་དོན་པས་གཞི་གྲངས་ཁག་ལ་ལྟ་ཞིབ་ནན་ཏན་བྱས་ནས་དུས་ངེས་མེད་ཐོག་བཀའ་ཡང་ཡང་གཏོང་གི་ཡོད། སྒྲ་སྐྱེད་འཕྲུལ་ཆས་ནས་མེ་ཤུགས་འཕུར་མདའ་དང་འཕུར་གྲུ་འཁོར་གཉེར་གྱི་གནས་ཚུལ་ཟམ་མི་ཆད་པར་སྙན་སེང་ཞུ་བ་དང་། ཉེན་གཡོལ་འཕྲུལ་ཆས་ལོགས་དབྱེ་དང་། འབུད་འདེད་འཕྲུལ་ཆས་ལོགས་དབྱེ། རྒྱུན་སྒྱུར་ཡོལ་ཁེབས་ལོགས་དབྱེ། འཕུར་གྲུ་དང་མེ་ཤུགས་འཕུར་མདའ་ལོགས་དབྱེ། འཕུར་གྲུ་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་ནས་གཡོར་གཤོག་བཏོན་ནས་འཇིག་རྟེན་འཕུར་སྐྱོད་པའི་འཕུར་སྐྱོད་ཚོགས་ཆུང་གི་གནས་སྟངས་ཡག་པོ་ཡོད་པ་རེད།
         ཆུ་ཚོད་7དང་སྐར་མ་49ཡི་ཐོག་མི་བཞུགས་འཇིག་རྟེན་འཕུར་སྐྱོད་པའི་འདུ་འགོད་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་ཀྲང་ཡིའུ་ཞ་ཡིས་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད། ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་བཀོད་འདོམས་ཚོམས་ཆེན་དང་ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་པའི་འདུ་འགོད་བཀོད་འདོམས་ལྟེ་གནས་སུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད།
         འཆར་གཞི་ལྟར་ན་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་འཁོར་ལམ་དུ་འཕུར་སྐྱོད་བྱེད་རིང་སུམ་རྩེན་ཨང་གཉིས་པ་བར་སྣང་ཚོད་ལྟ་ཁང་དང་སྣོལ་འདུ་སྦྲེལ་མཐུད་བྱ་རྒྱུ་རེད། འཇིག་རྟེན་འཕུར་སྐྱོད་པ་གཉིས་པོ་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་དུ་སྡོད་རྒྱུ་དང་ཆབས་ཅིག ཚན་རིག་ཚོད་ལྟ་དང་ལག་རྩལ་གྱི་ཚོད་ལྟ་བྱ་རྒྱུ་རེད། མིག་སྔར་འཁོར་ལམ་ཐོག་འཁོར་གཉེར་ཉིན་30ལྷག་ཙམ་བྱ་རྒྱུའི་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་དེ་མཐོ་ཚད་ལ་སྟོང་སྨི་393ཙམ་ཟིན་པའི་ཉེ་བའི་འཁོར་ལམ་དང་སྦྲེལ་ཐུབ་ནས་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་དང་སྦྲེལ་མཐུད་བྱ་རྒྱུ་སྒུག་ནས་བསྡད་ཡོད་པ་རེད།

  
2016-10-14