མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་གནང་སྟེ་
མཚོ་དམག་གི་རིམ་པ་དང་པོའི་འཕུར་སྐྱོད་པ་ཀྲང་ཁྲའོ་ལ་གཟི་བརྗིད་
མཚན་སྙན་རྗེས་སྤྲོད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་16ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་གནང་སྟེ་མཚོ་དམག་གྲུ་ཐོག་མཁའ་སྐྱོད་དམག་གི་རིམ་པ་དང་པོའི་འཕུར་སྐྱོད་པ་ཀྲང་ཁྲའོ་ལ“མཚོ་ཐོག་གི་ནམ་འཕང་གཅོད་པར་བརྩོན་པའི་དམག་དཔུང་སྟོབས་ཆེའི་གདོང་ལེན་པ”ཡི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་གནང་བ་རེད།
         བཀའ་རྒྱའི་ནང་བློ་མཐུན་ཀྲང་ཁྲའོ་ནི་དམག་དཔུང་སྟོབས་ཆེན་བཏོད་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་རྒྱུའི་དམ་བཅའ་འཇོག་པ་དང་། དྲག་རྩལ་དང་འཇོན་ཐང་ཆེ་རུ་གཏོང་རྒྱུར་མཐའ་གཅིག་ཏུ་གཞོལ་བ། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ། བླ་ན་མེད་པའི་ཀུན་སྤྱོད་མཐའ་གཅིག་ཏུ་སྲུང་མཁན་ཞིག་ཡིན་པས། ཁོང་ནི་ལས་གནས་ཚང་མའི་ཐོག་རྩེར་སོན་ཕུལ་དུ་བྱུང་བ་ཞིག་ཡིན། ཁོང་གིས་དམག་གྲབས་སྐོར་གཡེང་དང་མཚོ་ཐོག་ཁེ་སྲུང་སོགས་ལས་འགན་གལ་ཆེན་སྒྲུབ་པའི་ནང་སྔ་རྗེས་སུ་ཐེངས་བཅུ་གྲངས་ཞུགས་པ་དང་འབྲེལ་ལས་འགན་ཡང་ལེགས་པར་བསྒྲུབས་ཡོད། 2015ལོའི་ཟླ་བ་གསུམ་པར་གྲུ་ཐོག་གནམ་གྲུའི་འཕུར་སྐྱོད་པའི་གྲལ་སྟར་ནང་ཞུགས་རྗེས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཀྱི་ཐོག་ནས་གནམ་གྲུ་གཏོང་སྟངས་སྦྱངས་ཡོད་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱང་ཐོབ་ཡོད། 2016ལོའི་ཟླ་4ཚེས་27ཉིན་ཀྲང་ཁྲའོ་ཡིས་རྒོལ་གཏོར—15རྟགས་ཅན་གྱི་གནམ་གྲུ་བཏང་སྟེ་སྦྱོང་བརྡར་བྱེད་སྐབས་གནམ་གྲུར་སྐྱོན་ཤོར་ནས་སྟབས་མི་ལེགས་པར་སྐུ་གཤེགས་པ་རེད། བློ་མཐུན་ཀྲང་ཁྲའོ་ནི་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེན་གྱི་ཕུགས་འདུན་སྒྲུབ་པའི་རྒྱང་སྐྱོད་ལམ་བུའི་ཐོག་འབུར་དུ་ཐོན་པའི་སྔོན་ཐོན་དཔེ་མཚོན་ཞིག་དང་། དམག་དཔུང་སྟོབས་ཆེན་གྱི་དམིགས་ཚད་ལྷག་བསམ་རྣམ་དག་ངང་མངོན་འགྱུར་བྱེད་མཁན་དུས་རབས་ཀྱི་མིག་དཔེ་ཞིག “བཞི་ལྡན”གྱི་གསར་བརྗེའི་དམག་མི་མི་རབས་གསར་པའི་ཕུལ་བྱུང་མཚོན་བྱེད་ཅིག་བཅས་ཡིན་ཞེས་འཁོད་ཡོད་པ་རེད།
          བཀའ་རྒྱའི་ནང་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་རྒྱ་ཆེའི་དཔོན་དམག་ཚོས་བློ་མཐུན་ཀྲང་ཁྲའོ་ལ་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ལས་འགན་གཙང་སྒྲུབ་བྱ་རྒྱུ་བློ་ལ་བརྟན་པོར་ངེས་ནས་རང་རྟོགས་ངང་རང་ཉིད་ཀྱི་དོན་གཉེར་དེ་དམག་དཔུང་སྟོབས་ཆེན་དང་དམག་དཔུང་དར་རྒྱས་གཏོང་བའི་བྱ་གཞག་ནང་འདྲེས་པར་བྱེད་མཁན་ཁོང་དང་འདྲ་བ་ཞིག་བྱེད་དགོས་པ་དང་། དམག་རྩལ་སྦྱངས་ནས་དམག་གྲབས་ཧུར་ཐག་བྱེད་པ་དང་བློ་ཁོག་ཆེན་པོས་གསར་གཏོད་ཚད་བརྒལ་བྱས་ནས་ཆ་འཕྲིན་ཅན་གྱི་དམག་འཁྲུག་ནང་རྒྱལ་ཁ་ལེན་པར་མཁོ་བའི་བྱང་ཚད་དང་ནུས་པ་ཆེ་རུ་གཏོང་མཁན་ཁོང་དང་འདྲ་བ་ཞིག་བྱེད་དགོས་པ། བློ་བརྟན་གཞུང་དྲང་གི་རང་གཤིས་འཇགས་པར་བྱེད་པ་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཏང་དང་མི་དམངས་ལ་ཡོད་ཚད་ལེགས་སྐྱེས་འབུལ་ཕོད་པ་བྱེད་མཁན་ཁོང་དང་འདྲ་བ་ཞིག་བྱེད་དགོས་པ། བླ་ན་མེད་པའི་ཀུན་སྤྱོད་མཐའ་གཅིག་ཏུ་སྲུང་བ་དང་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་ནས་གསར་བརྗེའི་དམག་མིའི་གཟུགས་བརྙན་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་མཁན་ཁོང་དང་འདྲ་བ་ཞིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
         ཀྲུང་དབྱང་དམག་ཨུད་ཀྱིས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་རྒྱ་ཆེའི་དཔོན་དམག་ཚོས་བློ་མཐུན་ཀྲང་ཁྲའོ་མིག་དཔེར་བཟུང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། མཐུན་སྒྲིལ་ཡར་བརྩོན་བྱེད་པ། བློ་རྩ་བརྟན་པོས་གསར་གཏོད་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་ཀྱི་ཐོག་ནས་དམག་དཔུང་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་དང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་འཛུགས་སྐྲུན་བྱ་ཕྱིར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།