མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཀྲུང་གོར་བཅའ་སྡོད་ཁུ་པའི་གཞུང་ཚབ་ཁང་དུ་ཕེབས་ནས་ཁུ་པའི་གསར་
བརྗེའི་གཙོ་འཛིན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་སྐུ་གཤེགས་པར་མྱ་ངན་ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་01ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཀྲུང་གོར་བཅའ་སྡོད་ཁུ་པའི་གཞུང་ཚབ་ཁང་དུ་ཕེབས་ནས་ཁུ་པའི་གསར་བརྗེའི་གཙོ་འཛིན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་སྐུ་གཤེགས་པར་མྱ་ངན་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་མྱ་ངན་ཞུ་སྐབས། བློ་མཐུན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་ནི་ཁུ་པ་གུང་ཁྲན་ཏང་དང་ཁུ་པ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གསར་གཏོད་པ་དང་ཁུ་པའི་མི་དམངས་ཀྱི་རླབས་ཆེན་གཙོ་འཛིན་རེད། ཁོང་ནི་ང་ཚོའི་དུས་རབས་འདིའི་རླབས་ཆེན་གྱི་སྐྱེ་བོ་ཞིག་ཡིན་ཞིང་། ཁོང་གིས་འཛམ་གླིང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སླད་དུ་བསུབ་ཏུ་མེད་པའི་མཛད་རྗེས་བཞག་གནང་བ་དང་རྒྱལ་ཁབ་ཁག་གི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་གནང་ཚུལ་ནམ་ཡང་བརྗེད་ཐབས་བྲལ། དེ་རིང་ངས་མྱ་ངན་ཞུ་བར་ཡོང་བ་ཡང་ཁུ་པའི་བློ་མཐུན་ཚོར་དམིགས་བསལ་གྱི་དུས་སྐབས་འདིར་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཁུ་པའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་དང་མཉམ་དུ་དམ་པོར་འབྲེལ་ཡོད་པ་མཚོན་ཕྱིར་ཡིན། ཀྲུའུ་ཞི་ལོར·ཁཱ་སི་ཐེ་ལོའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཁུ་པའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་བློ་མཐུན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་འདས་པོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་སེམས་སྡུག་སྟོབས་ཤུགས་སུ་འགྱུར་བར་བྱས་ནས་ཁུ་པའི་རྒྱལ་ཁབ་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བྱ་གཞག་ཁྲོད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་གཏོད་ངེས་ལ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས། བློ་མཐུན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་སྐུ་འཚོ་བཞུགས་སྐབས་ཀྲུང་གོ་དང་ཁུ་པའི་མཛའ་གྲོགས་ལ་སྤྲོ་བས་གཞོལ་བ་དང་། ཁོང་ནི་ཀྲུང་གོ་དང་ཁུ་པའི་འབྲེལ་བའི་རྨང་གཞི་འདིང་མཁན་དང་སྐུལ་འདེད་པ་རེད། ཁོང་སྐུ་གཤེགས་པ་ནི་ཁུ་པ་དང་ལ་ཏིང་མེ་གླིང་མི་དམངས་ཀྱི་གྱོང་གུན་ཚབས་ཆེན་རེད། ཁུ་པ་དང་ལ་ཏིང་མེ་གླིང་མི་དམངས་ཀྱི་ཕུལ་བྱུང་བུ་ཕྲུག་ཅིག་མེད་པར་གྱུར་པ་མ་ཟད། ཀྲུང་གོ་མི་དམངས་ཀྱི་སྙིང་ཉེ་བའི་བློ་མཐུན་ཞིག་དང་ལྷག་བསམ་དག་པའི་གྲོགས་པོ་ཞིག་མེད་པར་གྱུར་པ་རེད། ངས་ཁོང་ལ་སྙིང་དབུས་ནས་དྲན་གསོ་ཞུ་བཞིན་ཡོད་ལ། ཀྲུང་གོ་མི་དམངས་ཀྱིས་ཀྱང་ཁོང་ལ་དྲན་གསོ་ཞུ་བཞིན་ཡོད། ཁུ་པ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་ཀྲུང་གོ་དང་ཁུ་པའི་འབྲེལ་བ་དམིགས་བསལ་གྱི་མཛའ་མཐུན་ཆེ། ང་ཚོས་ཁུ་པའི་བློ་མཐུན་དང་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ལག་གདང་སྦྲེལ་འདོད་ཡོད་ལ། བློ་བརྟན་འགྱུར་མེད་ངང་ཕན་ཚུན་ཡིད་ཆེས་དང་ཕྱར་བ་གྲུ་འདེགས་ཀྱིས་མུ་མཐུད་ཀྲུང་གོ་དང་ཁུ་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་རྒྱུན་མཐུད་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་བློ་མཐུན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་འདས་པོའི་ཐུགས་རེ་ཆུད་ཟོས་སུ་གཏོང་རྒྱུ་མིན་པའི་ནན་བཤད་གནང་བ་རེད།

  
2016-11-30