མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།པུའུ་ཨུད་བརྒྱད་ཀྱིས་ཡིག་ཆ་པར་འགྲེམས་བྱས་ནས་《འདམ་ར་སྲུང་སྐྱོང་དང་སླར་གསོའི་
ལམ་ལུགས་ཀྱི་ཇུས་གཞི་》ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ནགས་ལས་ཅུས་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་པུའུ་དང་ཨུ་ལྷན་བརྒྱད་ཀྱིས་ཡིག་ཆ་པར་འགྲེམས་བྱས་ནས་《འདམ་ར་སྲུང་སྐྱོང་དང་སླར་གསོ་ལམ་ལུགས་ཀྱི་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གསར་འགོད་པས་རང་རྒྱལ་གྱི་འདམ་ར་སྲུང་སྐྱོང་གི་ད་ཡོད་གནས་ཚུལ་གང་འདྲ་ཡོད་དམ། གནད་དོན་གང་དང་གང་ཞིག་འཕྲད་ཡོད་དམ། འདམ་ར་སྲུང་སྐྱོང་ཡག་པོ་ཇི་ལྟར་བྱེད་དགོས་སམ་ཞེས། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་ལ་ཆེད་མངགས་བཅར་འདྲི་ཞུས་པ་ཡིན།
          འདམ་རའི་ཐོན་ཁུངས་ཀྱི་སྤུས་ཚད་ཡག་པོ་ཡོད་ཀྱང་བེད་སྤྱོད་བྱེད་ཚད་སྣོད་བཅུད་མ་ལག་གཞན་དག་ལས་མཐོ་བ།
         འདམ་ར་ཞེས་པ་ནི་རང་བྱུང་ངམ་ཡང་ན་མི་ཐབས་ལ་བརྟེན་ནས་ཆགས་པའི་ཆུ་འཁྱིལ་བའམ་རྒྱུག་པའི་ཡུག་དང་ཡུག་བྱས་པའི་ཁུལ་ལ་ཟེར། དེའི་གྲས་སུ་ད་དུང་རླབས་འཕྱུར་དམའ་བའི་སྐབས་སུ་ཆུའི་གཏིང་ཚད་སྨི་6མ་ཟིན་པའི་ཆུ་ཁོངས་ཏེ་མཚེའུ་དང་། ན་འདམ། འགྲམ་ཐང་སོགས་ཚུད་ཡོད་ལ། དེ་དག་གི་མཚོན་རྟགས་མངོན་གསལ་དོད་ཤོས་ནི་ཆུ་ཡོད་པ་དེ་རེད། སའི་གོ་ལའི་སྣོད་བཅུད་མ་ལག་ཆེན་པོ་གསུམ་ཞེས་བརྗོད་པའི་འདམ་ར་དང་། ནགས་ཚལ། རྒྱ་མཚོ་བཅས་གསུམ་ལ་ཆུ་ལོག་འགོག་པ་དང་། ཆར་ཆུ་སྙོམས་པ། གནམ་གཤིས་ལེགས་སུ་གཏོང་བ་སོགས་ཀྱི་ནུས་པ་ལྡན་ཡོད། དེས་ན་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་ནི་འདམ་ར་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།
           རྒྱལ་ཁབ་ནགས་ལས་ཅུས་འདམ་ར་སྲུང་སྐྱོང་དོ་དམ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་དུ་འདམ་རའི་གཞི་རྒྱ་ཆེ་བ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡོད། རྒྱལ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ལ་ཞིབ་བཤེར་ཐེངས་གཉིས་པ་བྱས་པར་གཞིགས་ན། འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་5360.26(ཧ་ལམ་མུའུ་དུང་ཕྱུར་8.04)ཡོད་པའི་ནང་རང་བྱུང་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་4667.47(ཧ་ལམ་མུའུ་དུང་ཕྱུར་7)ཡོད་པ་རེད། ན་ནིང་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྒྱལ་སྤྱིའི་འདམ་ར་གལ་ཆེན་49དང་། འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་602 འདམ་ར་སྲུང་སྐྱོང་བྱེད་ཚད་46.98%བཅས་ཟིན་ནས་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་གྲུབ་ཆ་གཙོ་བོར་བྱས་པའི་འདམ་ར་སྲུང་སྐྱོང་མ་ལག་ཅིག་རགས་ཙམ་ཆགས་ཡོད།
         རང་རྒྱལ་གྱི་འདམ་རའི་སྣོད་བཅུད་མ་ལག་ཉམས་ཞན་ཡིན་པས་ཉེན་ཁ་འཕྲད་ཚད་ཆེ་ལ་སྲུང་སྐྱོང་བྱེད་པའི་གནོན་ཤུགས་ཀྱང་ཆེན་པོ་ཡོད། རྒྱལ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ལ་ཞིབ་བཤེར་ཐེངས་གཉིས་པ་བྱས་པ་ལས་མངོན་པར། རང་རྒྱལ་གྱི་མངའ་ཁོངས་ས་ཆའི་རྒྱ་ཁྱོན་ནང་འདམ་རས་5.58%ཁོ་ན་ལས་མི་བཟུང་བ་དེ་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་8.60%ལས་དམའ་བ་དང་འཛམ་གླིང་གི་མི་རེའི་ཆ་སྙོམས་འདམ་རའི་རྒྱ་ཁྱོན་གྱི་ལྔ་ཆ་གཅིག་རེད།
        འདམ་རའི་སྣོད་བཅུད་མ་ལག་སྲུང་སྐྱོང་བྱེད་པའི་ཆེད་དམིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་མེད་པ།
        རྒྱལ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ལ་ཞིབ་བཤེར་ཐེངས་གཉིས་པ་བྱས་པ་ལས་མངོན་པར། འདམ་རར་གཙོ་བོ་སྦགས་བཙོག་བཟོས་པ་དང་། གྲམ་བསྐོར་རྨོ་འདེབས་བྱས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཕྱུགས་རིགས་འཚོ་དྲགས་པ་ལ་སོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད། དེའི་ནང་སྦགས་བཙོག་གི་ཤུགས་རྐྱེན་དང་གཏོར་བཤིག་ཕོག་ཚབས་ཆེ་ཤོས་རེད། བཙོག་སྐྱོན་ཕོག་ནས་འདམ་རའི་སྣོད་བཅུད་ནུས་པ་ཉམས་ཞན་དུ་སོང་ཡོད། འདམ་རའི་སྐྱེ་དངོས་རིགས་ཀྱི་གྲངས་འབོར་ཡང་མངོན་གསལ་དོད་པོས་ཉུང་དུ་སོང་བ་དང་འདམ་རའི་སྐྱེ་དངོས་ལ་ལ་སྟོངས་ལ་ཉེ་བར་གནས་ཡོད།
         ལས་རིགས་དེ་གའི་རིགས་གཅིག་མཁས་ཅན་གྱིས་རང་རྒྱལ་གྱི་འདམ་རའི་རྒྱ་ཁྱོན་ཇེ་ཆུང་དུ་སོང་བའི་རྒྱུ་རྐྱེན་གྱི་གྲས་སུ་གནམ་གཤིས་ཀྱི་འགྱུར་ལྡོག་སོགས་རང་བྱུང་རྒྱུ་རྐྱེན་ཚུད་པ་ཕུད། ད་དུང་མིའི་རིགས་ཀྱིས་འདམ་ར་བདག་བཟུང་བྱས་པ་དང་འདམ་རའི་སྤྱོད་ཡུལ་བསྒྱུར་བའི་རྒྱུ་རྐྱེན་གཙོ་བོ་གཉིས་ཀྱང་ཚུད་ཡོད། དེའི་ནང་གྲམ་བསྐོར་རྨོ་འདེབས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་རྒྱུ་རྐྱེན་ཆེ་ཤོས་གཉིས་རེད་ཅེས་བཤད་པ་རེད། འགན་འཁུར་མི་སྣ་དེས་བཤད་དོན། རང་རྒྱལ་གྱི་འདམ་ར་ཤོར་བ་དང་གཏོར་བཤིག་ཕོག་ཚུལ་ལ་སྔར་བཞིན་བཀག་འགོག་ནུས་ལྡན་བྱུང་མེད། འདམ་རའི་རྒྱ་ཁྱོན་ཆུང་དུ་མི་འགྲོ་བ་བྱ་རྒྱུ་ནི་འདམ་ར་སྲུང་སྐྱོང་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད། དེས་ན་《ཇུས་གཞིའི་》ནང་2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་མུའུ་དུང་ཕྱུར་8ལས་མི་ཉུང་བའི་དོ་དམ་ཚོད་འཛིན་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད།
         “ནགས་ཚལ་དང་། རྒྱ་མཚོ། འདམ་ར་བཅས་སྣོད་བཅུད་མ་ལག་ཆེན་པོ་གསུམ་གྱི་ཁྲོད་ནས་མིག་སྔར་འདམ་རའི་སྣོད་བཅུད་མ་ལག་གཅིག་པུར་སྲུང་སྐྱོང་བྱེད་པའི་ཆེད་དམིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་མེད”ཅེས་འགན་འཁུར་བ་དེས་བཤད་པ་དང་ཁོང་གིས་འདམ་རར་བཅའ་ཁྲིམས་ཀྱི་ཐོབ་ཐང་མེད་སྟབས། ས་ཆ་རིགས་དབྱེའི་ཁྲོད་དུ་བེད་སྤྱོད་བྱས་མེད་པའི་ས་ཆའི་ཁོངས་སུ་གཏོགས་པས་གཞན་གྱི་བདག་བཟུང་བྱ་ཡུལ་དུ་གྱུར་གྱི་ཡོད། གྲམ་བསྐོར་རྨོ་འདེབས་དང་ལས་གྲྭ་འཛུགས་སྐྲུན་ནང་འདམ་ར་སྤྱོད་པའི་ཐད་ཞིབ་མཆན་འགོད་རིམ་མེད་ལ་འདམ་རར་གཏོར་བཤིག་བཏང་བར་ཆད་པ་གཅོད་པའི་གཞི་འཛིན་སའང་མེད་སྟབས་སྲུང་སྐྱོང་ལས་དོན་དེ་གཞན་དབང་དུ་གྱུར་གྱི་ཡོད་ཅེས་བཤད་པ་རེད།
          སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པའི་འདམ་རའི་ཁྱབ་ཁོངས་ལུགས་མཐུན་ངང་དབྱེ་འབྱེད་གཏན་འབེབས་བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་ཡིན་པ།
          འདམ་ར་སྲུང་སྐྱོང་བྱེད་པར་གལ་ཆེ་ཤོས་ནི་《ཇུས་གཞི་》དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་རེད། ཇི་ལྟར་བྱས་ཏེ་《ཇུས་གཞི་》ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་མུའུ་དུང་ཕྱུར་8ལས་མི་ཉུང་བའི་དོ་དམ་ཚོད་འཛིན་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་སམ།
         “འདམ་རའི་རྒྱ་ཁྱོན་དོ་དམ་ཚོད་འཛིན་གྱི་དམིགས་ཚད་རིམ་པ་བཞིན་ཕྱེ་ནས་དོན་འཁྱོལ་བྱ་རྒྱུ་དང་། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པའི་འདམ་རའི་ཁྱབ་ཁོངས་ལུགས་མཐུན་ངང་དབྱེ་འབྱེད་གཏན་འབེབས་བྱ་རྒྱུ། འདམ་ར་རང་ལ་དོན་འཁྱོལ་བྱ་རྒྱུ་བཅས་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་ཡིན”ཞེས་པེ་ཅིང་ནགས་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་མིང་ཞང་གིས་བཤད་པ་རེད།
          “སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པའི་འདམ་ར་ནི་འདམ་རའི་སྣོད་བཅུད་མ་ལག་ནང་སྲུང་སྐྱོང་གི་རིན་ཐང་ཆེ་ཤོས་ལྡན་པ་དང་སྲུང་སྐྱོང་བྱ་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་པའི་ཁྱབ་ཁོངས་ཤིག་ཡིན”ཞེས་ཀྲང་མིང་ཞང་གིས་བཤད་པ་རེད།
         ཁོང་གིས་རྒྱལ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ལ་ཞིབ་བཤེར་ཐེངས་གཉིས་པའི་བྱས་འབྲས་ལ་གཞིགས་ན། བཀོལ་སྤྱོད་དང་ལག་བསྟར་ཆོག་པའི་ངོས་ནས་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པའི་འདམ་རའི་ཁྱབ་ཁོངས་ལུགས་མཐུན་ངང་དབྱེ་འབྱེད་གཏན་འབེབས་བྱ་རྒྱུ་དང་། ས་གནས་སྲིད་གཞུང་གིས་དབྱེ་འབྱེད་ཡང་དག་བྱས་མིན་ཞིབ་བཤེར་བྱེད་པའི་འགན་འཁུར་རྒྱུ། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པའི་འདམ་ར་རང་ལ་དོན་འཁྱོལ་བྱ་རྒྱུ། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པའི་འདམ་རའི་གལ་ཆེའི་རང་བཞིན་གཞིར་བཟུང་རིམ་ཁག་སྲིད་གཞུང་གི་དོ་དམ་འགན་འཁྲི་ཁ་གསལ་བཟོས་ནས་འདམ་ར་སྲུང་སྐྱོང་བྱ་ཐབས་ནན་ཤོས་ལག་བསྟར་བྱ་རྒྱུ་བཅས་ཀྱི་གྲོས་འགོ་བཏོན་ཡོད་པ་རེད།