མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་ཛ་དྲག་གི་བརྡ་ཐོ་བཏང་ནས་རྒྱལ་ཡོངས་སུ་སློབ་འཁོར་གྱི་བདེ་འཇགས་ཐད་ཀྱི་
མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་འཕྲལ་མར་སྤེལ་དགོས་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སློབ་གསོ་པུས་ཛ་དྲག་གི་བརྡ་ཐོ་བཏང་ནས་ས་གནས་ཁག་གིས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་(བུ་བཅོལ་ཁང)གི་སློབ་འཁོར་གྱི་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་འཕྲལ་མར་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། འདི་ནི་གསར་འགོད་པས་ཚེས་22ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་ཞིག་རེད།
         ཉེ་དུས་ས་ཆ་མང་པོར་སློབ་མ་བསུ་སྐྱེལ་འཁོར་རིགས་ལ་བདེ་འཇགས་ཐད་ཀྱི་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་སློབ་མ་ཤི་རྨས་བྱུང་སྟེ་གནོད་འཚེ་ཕོག་མཁན་སློབ་མའི་ཁྱིམ་ཚང་ལ་སེམས་སྡུག་ཆེན་པོ་དང་གསབ་ཐབས་བྲལ་བའི་གྱོང་གུན་ཆེན་པོ་བཟོས་ཡོད། སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་སློབ་འཁོར་གྱི་བདེ་འཇགས་ལས་འཛོལ་ཐོན་པའི་བསླབ་བྱ་ཟབ་མོ་ལས་ས་གནས་དང་སློབ་གྲྭ་ཁག་གཅིག་ཏུ་སྔར་བཞིན་བདེ་འཇགས་འདུ་ཤེས་ཟབ་མོ་མེད་པ་དང་ལམ་ལུགས་དོན་ཐོག་ཏུ་མི་འཁྱོལ་བ་སོགས་ཀྱི་གནད་དོན་ཁག་ཅིག་ཐོན་པར་བརྟེན་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་སྤེལ་རྒྱུའི་དམིགས་ཡུལ་ནི་བདེ་འཇགས་ལས་འཛོལ་སླར་ཡར་མི་ཐོན་པ་བྱས་ནས་རྒྱ་ཆེའི་སློབ་མའི་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་རེད།
        བརྡ་ཐོའི་ནང་ས་གནས་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ས་གནས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་སློབ་འཁོར་(སློབ་མ་བསུ་སྐྱེལ་གྱི་འཁོར་རིགས་ཚུད)གྱི་བདེ་འཇགས་ཐད་ཀྱི་མི་མངོན་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་ཆེན་པོ་ཐེངས་རེ་བྱ་རྒྱུ་འཕྲལ་མར་སྒྲིག་འཛུགས་བྱེད་དགོས་པ་དང་། བདེ་འཇགས་དོ་དམ་གྱི་ལྷུ་ཚིགས་ཁག་ནས་འགོ་བཙུགས་ཏེ་འགྲོ་ལམ་དང་། འཁོར་རིགས། འགྲིམ་འགྲུལ་གྱི་མཚོན་རྟགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་སློབ་འཁོར་གཏོང་མཁན་ཁ་ལོ་བའི་ལས་སྒྲུབ་ཐོབ་ཐང་ལ་ཞིབ་བཤེར་བྱེད་པ་དང་ཆབས་ཅིག་རེ་བ་དང་མི་མཐུན་པའི་སློབ་འཁོར་གཏོང་མཁན་ཁ་ལོ་བ་མ་ལུས་མཐའ་གཅིག་ཏུ་ཕྱིར་བསློགས་དགོས་པ་མ་ཟད། སློབ་འཁོར་དང་། སློབ་མ་བསུ་སྐྱེལ་འཁོར་རིགས། འཁོར་ལམ། དེ་བཞིན་འགྲོ་ལམ་གྱི་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་བཅས་ལ་གྲལ་བཤེར་ཐོ་འགོད་ནན་ཏན་བྱེད་དགོས་པ། གྲལ་བཤེར་བྱས་རྗེས་ཚད་གཞི་མ་ལོན་པའི་འཁོར་རིགས་ཡོད་པ་ཤེས་རྟོགས་བྱུང་འཕྲལ་སྤྱོད་འཚམས་མཐའ་གཅིག་ཏུ་འཇོག་དགོས་པ། བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བའི་བདེ་འཇགས་གནད་དོན་ཐད“སུས་དོ་དམ་བྱས་ཚེ་དེས་འགན་ཁུར་བའི”རྩ་དོན་གཞིར་བཟུང་རྩིས་ཐོ་བཟོ་བ་དང་། འགན་འཁྲི་དོན་འཁྱོལ། བྱ་ཐབས་ཚགས་ཚུད། དུས་བཅད་ཁ་གསལ་བཅས་ཡོང་བ་བྱས་ནས་ཕྱོགས་ཡོངས་ནས་བཅོས་སྒྲིག་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
        བརྡ་ཐོའི་ནང་ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭ་ཁག་གིས་སློབ་འཁོར་གྱི་བདེ་འཇགས་ཐད་ཀྱི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆོག་འཐུས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། ལག་རྩལ་ལ་བརྟེན་ནས་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རྒྱུན་རྣམ་ཅན་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལས་ཀའི་ལམ་སྲོལ་ཆགས་པ་བྱེད་དགོས་པ་དང་། སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། བདེ་འཇགས་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སློབ་མ་བསུ་སྐྱེལ་བྱེད་པའི་འཁོར་རིགས་ལ་འགྱུར་ལྡོག་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། འཁོར་རིགས་ཀྱི་གཉེར་སྐྱོང་ལྟ་སྐུལ་དོ་དམ་ནན་ཏན་ངང་ཚད་ལྡན་དུ་གཏོང་བ། མྱུར་ཚད་ལས་བརྒལ་བ་དང་ཚད་ལས་བརྒལ་ནས་མི་འཇུག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། “ལག་ཁྱེར་མེད་པའི་སློབ་འཁོར”དང་བྱིས་པ་བསུ་སྐྱེལ་འཁོར་རིགས་ལ་སྔར་བས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་འཁོར་མྱུར་ཚད་ལས་བརྒལ་བ་དང་། ཚད་བརྒལ་ངང་མི་འཇུག་པ། ཞིབ་བཤེར་བྱས་པའི་ལམ་དུ་འཁོར་རིགས་མི་གཏོང་བ་སོགས་ཀྱི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ནས་ཁྲིམས་འགལ་བྱེད་སྤྱོད“ཐར་པར་གཏན་ནས་གཏོང་རྒྱུ་མེད”ཅེས་བསྟན་ཡོད་པ་རེད།