མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་མཐོ་སློབ་སློབ་མ་དམག་སྐུལ་དང་བླངས་ཀྱིས་དམག་དཔུང་ནང་ཞུགས་པའི་རོགས་
དངུལ་སྲིད་ཇུས་དེ་ཆེད་སྦྱོང་ཚན་ཁག་དང་། དངོས་གཞིའི་ཚན་ཁག རབ་འབྱམས་
པ། འབུམ་རམས་པ་བཅས་རིམ་པ་བཞི་ཚང་མར་ཁྱབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་མཐོ་སློབ་སློབ་མ་དམག་སྐུལ་དང་བླངས་ཀྱིས་དམག་དཔུང་ནང་ཞུགས་པ་དང་དེ་བཞིན་དམག་ཞབས་ཐིམ་པའི་དམག་མིའི་སློབ་གསོའི་རོགས་དངུལ་སྲིད་ཇུས་མ་ལག་རིམ་གྱིས་འཐུས་སྒོ་ཚང་དུ་བཏང་བར་བརྟེན་རོགས་དངུལ་སྲིད་ཇུས་དེ་མཐོ་རིམ་སློབ་གསོའི་ཆེད་སྦྱོང་ཚན་ཁག་དང་། དངོས་གཞིའི་ཚན་ཁག རབ་འབྱམས་པ། འབུམ་རམས་པ་བཅས་རིམ་པ་བཞི་ཚང་མར་ཁྱབ་ཐུབ་པ་བྱུང་བ་དང་རིགས་བཞིའི་སློབ་མ་དམག་སྐུལ་དང་བླངས་ཀྱིས་དམག་དཔུང་ནང་ཞུགས་པའི་ཆ་རྐྱེན་དང་མཐུན་ཚེ་སློབ་ཡོན་ཁ་གསབ་ཀྱི་དངུལ་བུན་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།
        མཐོ་སློབ་སློབ་མ་དམག་སྐུལ་དང་བླངས་ཀྱིས་དམག་དཔུང་ནང་ཞུགས་པ་དང་དམག་སྐུལ་དང་ལེན་(ལོ་དེ་གའི་སློབ་ཐོན་སློབ་མ་ནས་ཐད་ཀར་ཧྲེ་ཀོན་དམག་མིར་ཚུད་པ)གྱི་རོགས་དངུལ་སྲིད་ཇུས་གཞིར་བཟུང་། རྒྱལ་ཁབ་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་དམག་སྐུལ་དང་བླངས་ཀྱིས་དམག་དཔུང་ནང་ཞུགས་པའི་སློབ་མར་ཐེངས་གཅིག་ལ་སློབ་གྲྭར་སྡོད་རིང་སྤྲད་པའི་སློབ་ཡོན་ནམ་ཡང་ན་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཡར་བ་དག་ཁ་གསབ་བྱ་རྒྱུ་དང་། དམག་ཞབས་ཐིམ་པའི་དམག་མིའི་སློབ་གསོའི་རོགས་སྐྱོར་གྱི་སྲིད་ཇུས་གཞིར་བཟུང་། དམག་ཞབས་ཐིམ་ནས་ལོ་གཅིག་ཡན་སོང་བ་དང་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མར་རྒྱུགས་འཕྲོད་པའི་རང་བརྟེན་ལས་ཞུགས་ཀྱི་དམག་ཞབས་ཐིམ་པའི་དམག་མིར་སློབ་གསོའི་སློབ་ཡོན་རོགས་དངུལ་ཐོབ་རྒྱུ་རེད།
        སློབ་གསོ་པུའུ་ཡིས་ངོ་སྤྲོད་བྱས་པར། མིག་སྔར། དམག་དཔུང་ནང་ཞུགས་པའི་རོགས་དངུལ་སྲིད་ཇུས་དེ་མཐོ་སློབ་སློབ་གསོའི་ཆེད་སྦྱོང་ཚན་ཁག་དང་། དངོས་གཞིའི་ཚན་ཁག རབ་འབྱམས་པ། འབུམ་རམས་པ་བཅས་རིམ་པ་བཞི་ཚང་མར་ཁྱབ་ཡོད་པ་དང་ཆེད་སྦྱོང་ཚན་ཁག་སློབ་མ་དང་དངོས་གཞིའི་ཚན་ཁག་གི་སློབ་མས་ལོ་རེར་མི་རེས་སློབ་ཡོན་རེ་ཞུ་བྱེད་པའི་དངུལ་བུན་སྒོར་8000ལས་བརྒལ་མི་ཆོག་པ་དང་རབ་འབྱམས་པ་དང་འབུམ་རམས་ཞིབ་འཇུག་སློབ་མས་ལོ་རེར་མི་རེས་སློབ་ཡོན་རེ་ཞུ་བྱེད་པའི་དངུལ་བུན་སྒོར་12000ལས་བརྒལ་ཆོག་གི་མེད། མཐོ་སློབ་སློབ་གྲྭའི་སློབ་མ་གསར་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ། ལོ་འདི་གའི་སློབ་ཐོན་སློབ་མ། ལོ་དེ་སྔའི་སློབ་ཐོན་སློབ་མ་བཅས་རིགས་བཞིའི་སློབ་མ་དམག་སྐུལ་དང་ལེན་གྱི་དམག་དཔུང་ལ་ཞུགས་རྒྱུའི་དམག་སྐུལ་དང་ལེན་གྱི་ཆ་རྐྱེན་དང་མཐུན་རིགས་ཀྱིས་སློབ་ཡོན་ཁ་གསབ་ཀྱི་དངུལ་བུན་རེ་ཞུ་བྱེད་ཆོག སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་(སློབ་མ་གསར་པ་ཚུད་པ)ཡིས་དམག་སྐུལ་དང་ལེན་བྱེད་རིང་སློབ་གྲྭའི་སྐྱིད་སྡུག་(ཡང་ན་སློབ་ཞུགས་ཐོབ་ཐང)རང་སོར་འཇོག་པ་དང་དམག་ཞབས་ཐིམས་རྗེས་རང་མོས་ལྟར་བསྐྱར་དུ་སློབ་གྲྭར་ལོག་ཆོག་པ་དང་(ཡང་ན་སློབ་གྲྭར་ཞུགས་པ)སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ཡིན་པ་རེད།
        བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར། དམག་དཔུང་ལ་ཞུགས་པའི་རོགས་དངུལ་སྲིད་ཇུས་ལག་བསྟར་བྱས་ཚུན་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་མང་པོ་ཞིག་དམག་དཔུང་ལ་ཞུགས་པའི་ཡིད་དབང་བཀུག་པ་དང་། དམག་མིའི་སྤུས་ཚད་དང་བྱང་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། 2016ལོར་རྒྱལ་ཡོངས་ཀྱི་དམག་སྐུལ་དང་བླངས་ཀྱི་དམག་དཔུང་ལ་ཞུགས་མཁན་མཐོ་སློབ་སློབ་མ་ཁྲི་12.41(ལོ་དེ་གའི་སློབ་ཐོན་སློབ་མ་ནས་ཐད་ཀར་ཧྲེ་ཀོན་དམག་མིར་ཚུད་པ)གིས་རྒྱལ་ཁབ་ཀྱི་རོགས་དངུལ་སྒོར་དུང་ཕྱུར་16.32ལོངས་སྤྱོད་བྱས་པ་་དང་། དམག་ཞབས་ཐིམ་པའི་དམག་མིར་སློབ་གསོའི་རོགས་དངུལ་ཐོབ་པའི་མི་གྲངས་8117ཟིན་པ་དང་རོགས་དངུལ་སྒོར་ཁྲི་4458.68ཟིན་ཡོད།