མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་དུ་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སོ་ནམ་རིག་གནས་སྲུང་སྐྱོང་གི་ཚོམ་བུ་ཆགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་སྤྱི་ཁྱབ་དཔལ་འབྱོར་རབ་འབྱམས་པ་ཀྲའོ་ཧུའེ་ཡིས་རྒྱལ་ཡོངས་རང་བཞིན་གྱི་བརྟག་དཔྱད་ཐེངས་བཞི་བྱས་པ་ལས་རང་རྒྱལ་དུ་གཙོ་གནད་སྲུང་སྐྱོང་གི་རིན་ཐང་ལྡན་པའི་གྲོང་སྡེ་4153ཡོད་པ་དེ་དག་ཀྲུང་གོའི་སྲོལ་རྒྱུན་གྱི་གྲོང་སྡེའི་མིང་གཞུང་ནང་བཅུག་ནས་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་སོ་ནམ་རིག་གནས་སྲུང་སྐྱོང་ཚོམ་བུ་ཆགས་ཏེ་སྲོལ་རྒྱུན་གྱི་གྲོང་སྡེ་ཁྱོན་ཡོངས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་བྱ་ཐབས་ཀྱང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པའི་ངོས་འཛིན་བྱས་ཡོད་ཅེས་བརྗོད་པ་རེད།
               ཟླ་7ཚེས་31ཉིན་འཚོགས་པའི་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲའོ་ཧུའེ་ཡིས་སྲོལ་རྒྱུན་གྱི་གྲོང་སྡེ་ནི་ད་ལྟ་གནས་པའི་རིག་གནས་ཤུལ་བཞག་དང་ཤེས་དཔལ་གྱི་དར་སྲོལ་རྒྱུན་མཐུད་པ་ཞིག་ཡིན་པས་དེང་སྐབས་དང་དེ་བཞིན་འབྱུང་འགྱུར་མིའི་རིགས་ཀྱི་འཕེལ་རྒྱས་ཐད་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད། འོན་ཀྱང་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བསྟུན་སྲོལ་རྒྱུན་གྱི་གྲོང་སྡེ་མང་པོ་ཞིག་རིམ་བཞིན་མེད་པར་འགྲོ་བཞིན་ཡོད་པས་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་ནི་དེང་གི་ཆར་ཁ་ཚ་དགོས་གཏུག་ཡིན་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་རེད་ཅེས་བརྗོད་པ་རེད།
          ཀྲའོ་ཧུའེ་ཡིས་ད་ཆ་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་བྱེད་པའི་དུས་མཚམས་གཉིས་པར་སླེབས་ཡོད་པས་འགག་སྒྲོལ་དཀའ་སེལ་བྱས་ནས་སྲོལ་རྒྱུན་གྱི་གྲོང་སྡེ་སླར་གསོ་བྱེད་དགོས། འབད་བརྩོན་དེ་བས་ཆེ་བ་བྱས་ནས་འབོར་གྲངས་དང་རྒྱ་ཁྱོན་ཆེ་བའི་ཉེན་ཡོད་དང་གཏོར་སྐྱོན་ཕོག་པའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ་མ་ཟད། ད་དུང་ཉམས་གསོ་ཡང་ཐུབ་པ་བྱས་ནས་དབུལ་ཕོངས་རྗེས་ལུས་ཀྱི་སྲོལ་རྒྱུན་གྲོང་སྡེར་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་པར་བྱེད་དགོས་པ་དང་དུས་མཚུངས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་བརྗོད་པ་རེད།
              ངོ་སྤྲོད་བྱས་པར་གཞིགས་ན། 2012ལོ་ནས་ད་བར་གྱི་ལོ་ལྔའི་རིང་རང་རྒྱལ་དུ་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་དུས་མཚམས་དང་པོའི་དམིགས་ཚད་སྤྱིར་མངོན་འགྱུར་བྱུང་ནས་སྲོལ་རྒྱུན་གྱི་གྲོང་སྡེ་འབོར་ཆེན་ཞིག་སྲུང་སྐྱོང་བྱ་གཞིའི་ནང་བཅུག་ཡོད། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་དང་རིམ་ཁག་སྲིད་གཞུང་དང་དེ་བཞིན་དམངས་བྱིངས་ཀྱི་འབད་བརྩོན་བརྒྱུད་གཞི་རྩ་བཞི་མངོན་འགྱུར་བྱུང་བ་སྟེ། སྲོལ་རྒྱུན་གྱི་གྲོང་སྡེའི་རིག་གནས་ཤུལ་བཞག་གཞི་རྩའི་ཆར་སྲུང་སྐྱོབ་ཐུབ་པ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གཞི་རྩའི་ཆར་ལེགས་བཅོས་བྱུང་བ། སྲུང་སྐྱོང་དོ་དམ་གྱི་ལམ་སྲོལ་གཞི་རྩའི་ཆར་བཙུགས་པ། བདེ་འཇགས་སྔོན་འགོག་གི་ནུས་པ་གཞི་རྩའི་ཆར་འཛོམས་པ་བཅས་རེད།
            སྡོད་ཁང་འཛུགས་སྐྲུན་པུའུ་དང་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་2017ལོའི་ཟླ་བཅུ་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་སྐབས་དང་པོའི“སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་ཚོགས་ཆེན”མཉམ་དུ་འཚོག་རྒྱུ་རེད། 
         ད་ཐེངས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ཤེས་དཔལ་རྒྱུན་འཛིན། འབྱུང་འགྱུར་མཉམ་གཏོད”ཅེས་པ་དེ་ཡིན་པ་དང་། གཙོ་གནད་གྲོས་བསྡུར་བྱེད་པའི་གྲོས་གཞིའི་ནང་གོ་ལ་ཧྲིལ་པོའི་སོ་ནམ་རིག་གནས་ལ་སྲུང་སྐྱོང་དང་། སོ་ནམ་རིག་གནས་རྒྱུན་འཛིན་དང་རྒྱུན་མཐུད་འཕེལ་རྒྱས། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་གི་ཀྲུང་གོའི་བྱ་སྤྱོད། སྲོལ་རྒྱུན་གྱི་གྲོང་སྡེ་དང་ཤུལ་བཞག་སྲུང་སྐྱོང་། སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ལག་རྩལ་གསར་པ་དང་བསམ་ཕྱོགས་གསར་པ་སོགས་ཚུད་ཡོད།

རྒྱུན་མཐུད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་འཛུགས་པའི་ཐད་ཀྲའོ་ཧུའེ་ཡིས་དེའི་ཐད་ཀྱི་རྒྱལ་སྤྱིའི་ལས་དོན་པ་སྲོལ་རྒྱུན་གྲོང་སྡེར་སྐྱོད་པའི་བྱེད་སྒོ་སྤེལ་བ་དང་། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་གི་ལག་རྩལ་ཚད་གཞིའི་མཉམ་ལས་ཞིབ་འཇུག་བྱེད་པ། “རྒྱུད་གཅིག་ལམ་གཅིག”གི་སྲོལ་རྒྱུན་གྲོང་སྡེའི་མཉམ་ལས་ཐད་ཞིབ་འཇུག་བྱེད་པ། སྲོལ་རྒྱུན་གྲོང་སྡེའི་རྒྱལ་སྤྱིའི་གྲངས་གཞིའི་རྟེན་རྫས་བཤམས་མཛོད་ཁང་གསར་འཛུགས་བྱེད་པ། ལག་རྩལ་མི་སྣ་གསོ་སྦྱོང་དང་མཁས་དབང་ཕན་ཚུན་སྤེལ་རེས་བྱེད་པ་སོགས་ཀྱི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བརྗོད།