མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་ཟླ་དགུ་པ་ནས་བཟུང་ཐོན་རྫས་རིགས་8ཐོན་སྐྱེད་ཆོག་འཐུས་ལག་
ཁྱེར་གྱི་དོ་དམ་དབང་ཆ་གཤམ་སྤྲོད་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་03ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་ཟླ་8ཚེས་1ཉིན་འཚོགས་པའི“གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་དཔྱད་སྤྲོད”འདུན་ཞུའི་ཡིག་ཆ་ཁུ་བསྡུ་དང་ཚད་ལྡན་གྱི་རིགས་པས་ཁུངས་སྐྱེལ་གྱི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་9ཚེས་1ཉིན་ནས་བཟུང་། ཐོན་རྫས་རིགས་8ལ་ཞིང་ཆེན་རིམ་པའི་སྤུས་ཚད་ལྟ་སྐུལ་སྡེ་ཚན་གྱིས་ཞིབ་མཆན་བཀོད་ནས་ལག་ཁྱེར་སྤྲོད་རྒྱུའི་འགན་འཁུར་རྒྱུར་བསྒྱུར་རྒྱུ་དང་། དེ་གོང་བདག་སྤྲོད་བྱེད་པའི་ཐོན་རྫས་རིགས་8རྣམས་ཀྱི་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་འདུན་ཞུ་སྤྱི་ཁྱབ་ཅུས་ཀྱིས་ཞིབ་མཆན་བཀོད་དེ་ལག་ཁྱེར་སྤྲོད་པའི་བརྒྱུད་རིམ་ལེགས་གྲུབ་བྱེད་ཀྱི་ཡོད། ཐོན་རྫས་རིགས་8ཀྱི་ནང་གཟན་ཆག་ཞིབ་བཟོ་འཕྲུལ་འཁོར་དང་། རྡར་འཁོར། ལྕགས་སྐུད་བསྒྲིམ་ཐག སྲོག་སྐྱོབ་སྒྲིག་ཆས་སོགས་ཚུད་ཡོད།
          སྤུས་བཤེར་སྤྱི་ཁྱབ་ཅུས་ཐོན་རྫས་སྤུས་ཚད་ལྟ་སྐུལ་སིའི་སྐོར་ཞིབ་པ་ཀྲེན་ཝེ་ཧྭ་ཡིས། ཐོན་རྫས་རིགས་8ཀྱི་དབང་ཆ་གཤམ་སྤྲོད་ཀྱི་སྦྲེལ་མཐུད་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པ་ཕུད། སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་ཐོན་རྫས་རིགས་19ཡི་ཐོན་སྐྱེད་ཀྱི་ཆོག་འཐུས་ལག་ཁྱེར་དོ་དམ་མེད་པ་བཟོས་ནས་ཞིང་ཆེན་རིམ་པའི་སྤུས་བཤེར་སྡེ་ཚན་ཁག་ལ་ཐོན་རྫས་རིགས་19ཡི་ཐོན་སྐྱེད་ཆོག་འཐུས་ཀྱི་འདུན་ཞུ་བདག་སྤྲོད་བྱ་རྒྱུ་འཕྲལ་མ་ཉིད་དུ་མཚམས་འཇོག་བྱེད་དགོས་པ་ལས་རྣམ་པ་གང་རུང་གི་ཐོག་ནས་མུ་མཐུད་ཆོག་འཐུས་དང་ངོ་བོ་འགྱུར་བའི་ཆོག་འཐུས་ལག་འཁྱེར་སྤྲོད་མི་ཆོག་པའི་བླང་བྱ་བཏོན་ཡོད། ཐོན་རྫས་རིགས་19མེད་པ་བཟོས་པའི་ནང་ལག་ཁྱེར་ཡོད་པའི་ཁེ་ལས་9000ཟིན་པའི་ཁྲོད་ཁེ་ལས་800ཙམ་གྱི་ཆོག་འཐུས་ལག་ཁྱེར་འདི་ལོའི་ལོ་མཇུག་ཏུ་དུས་ཚོད་ཐིམ་པ་དང་བསྟུན་ཐོ་ཁོངས་ནས་བསུབས་རྒྱུ་རེད།
          དེ་དང་དུས་མཚུངས་གཙོ་གནད་ཐོག་ལག་ཁྱེར་མ་སྤྲད་གོང་གི་ཐོན་རྫས་ལ་ཞིབ་བཤེར་དང་། ས་གནས་ས་ཐོག་གི་ཞིབ་བཤེར་བཀོད་སྒྲིག ཞིབ་མཆན་འགོད་པའི་བརྒྱུད་རིམ་ཧྲིལ་པོ་བཟང་སྒྲིག་སོགས་མེད་པ་བཟོ་བའི་ཐད་ཀྱི་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྒྱུར་བཅོས་ལས་དོན་ཚོད་ལྟ་དང་སྟབས་བདེ་རུ་གཏོང་རྒྱུ་རེད། “ཁེ་ལས་ཀྱི་འདུན་ཞུའི་ཁྲོད་ཀྱི‘གུས་སྲོལ་རྙོག་པོ’མེད་པ་བཟོ་བ་དང་ཉུང་དུ་ཤུགས་ཆེན་གཏོང་བ་དང་། ‘ཤོག་བྱང་གཅིག་དང་། དེབ་གཅིག ལག་ཁྱེར་གཅིག’གི་ལམ་ལུགས་དང‘ལས་ཀའི་ཉིན་གཉིས’བདག་སྤྲོད་ཐག་གཅོད་ལམ་ལུགས། ལས་ཐོག་གི་སྔོན་ཚུད་ཞབས་ཞུའི་མཛུབ་སྟོན་ལམ་ལུགས་བཅས་ལག་བསྟར་བྱ་རྒྱུ་རེད”། ཀྲེན་ཝེ་ཧྭ་ཡིས་ན་ནིང་ཟླ་10ཚེས་30ཉིན་ནས་བཟུང་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་སྲིད་འཛིན་གྱི་ཆོག་འཐུས་འདུན་ཞུའི་ཡིག་ཆ་ཁུ་བསྡུ་བྱ་རྒྱུའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ནས་དེ་གོང་ཁེ་ལས་ཀྱིས་འདུན་ཞུའི་ཡིག་ཆ་ཁག་34མཁོ་འདོན་བྱེད་དགོས་པའི་ཁྲོད་ནས་ཁག་19མེད་པ་བཟོས་ཏེ་ཁུ་བསྡུ་བྱེད་ཚད་55%ཟིན་ཡོད། གོམ་སྟབས་རྗེས་མར་ལས་ཀ་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྡོམ་བྱ་ཤུགས་ཆེ་རུ་བཏང་ནས་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་བ་ལས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་འགྲོ་རྒྱུ་མ་ཟད། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཡང་སྐུལ་མ་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད།