མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའི་གཏམ་བཤད་པ་ཡིས་ཀྲུང་གོའི་ཕྱོགས་ཀྱིས་རྒྱ་གར་གྱི་དམག་དཔུང་གིས་ཁྲིམས་
འགལ་ངང་རྒྱལ་མཚམས་ལས་བརྒལ་བར་འཛིན་པའི་ལངས་ཕྱོགས་ཀྱི་ཡིག་ཆ་འགྲེམས་
སྤེལ་བྱས་པའི་སྐོར་གསར་འགོད་པར་དྲིས་ལན་བཏབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་03ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཕྱི་འབྲེལ་པུའི་གཏམ་བཤད་པ་ཡིས་ཀྲུང་གོའི་ཕྱོགས་ཀྱིས་རྒྱ་གར་གྱི་དམག་དཔུང་གིས་ཁྲིམས་
འགལ་ངང་རྒྱལ་མཚམས་ལས་བརྒལ་བར་འཛིན་པའི་ལངས་ཕྱོགས་ཀྱི་ཡིག་ཆ་འགྲེམས་
སྤེལ་བྱས་པའི་སྐོར་གསར་འགོད་པར་དྲིས་ལན་བཏབ་པ།

            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་2ཉིན། ཕྱི་འབྲེལ་པུའི་གཏམ་བཤད་པ་ཀེང་ཧྲོང་གིས་ཀྲུང་གོའི་ཕྱོགས་ཀྱིས་རྒྱ་གར་གྱི་དམག་དཔུང་གིས་ཁྲིམས་འགལ་ངང་རྒྱལ་མཚམས་ལས་བརྒལ་བར་འཛིན་པའི་ལངས་ཕྱོགས་ཀྱི་ཡིག་ཆ་འགྲེམས་སྤེལ་བྱས་པའི་སྐོར་གསར་འགོད་པར་དྲིས་ལན་བཏབ་པ་རེད།
          གསར་འགོད་པ་ཞིག་གིས་ཟླ་8ཚེས་2ཉིན་ཀྲུང་གོའི་ཕྱི་འབྲེལ་པུས་《རྒྱ་གར་གྱི་མཐའ་སྲུང་དམག་དཔུང་གིས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ཀྱི་འབྲས་ལྗོངས་ས་མཚམས་སུ་རྒྱལ་མཚམས་ལས་བརྒལ་ཏེ་ཀྲུང་གོའི་མངའ་ཁོངས་སུ་འཛུལ་བའི་དོན་དངོས་དང་ཀྲུང་གོས་འཛིན་པའི་ལངས་ཕྱོགས་》ཞེས་པའི་ཡིག་ཆ་འགྲེམས་སྤེལ་བྱས་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་ལངས་ཕྱོགས་ཀྱི་ཡིག་ཆ་འདི་འགྲེམས་སྤེལ་བྱེད་པའི་རྒྱུ་མཚན་གང་ཡིན། སྐབས་འདི་བདམས་ནས་ཡིག་ཆ་འདི་འགྲེམས་སྤེལ་བྱེད་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་དྲིས་པ་རེད།
          ཀེང་ཧྲོང་གིས་བསྟན་པར། ཟླ་6ཚེས་18ཉིན་རྒྱ་གར་གྱི་མཐའ་སྲུང་དམག་དཔུང་གིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་འབྲས་ལྗོངས་ས་མཚམས་སུ་རྒྱལ་མཚམས་ལས་བརྒལ་ནས་ཀྲུང་གོའི་མངའ་ཁོངས་སུ་འཛུལ་བ་རེད། རྒྱ་གར་གྱི་དམག་དཔུང་ད་ལྟའི་བར་དུ་སྔར་བཞིན་ཁྲིམས་འགལ་ངང་ཀྲུང་གོའི་མངའ་ཁོངས་ས་ཆར་གནས་སྡོད་བྱེད་བཞིན་ཡོད། དོན་རྐྱེན་འདི་ཉིད་ཐོན་པ་ནས་བཟུང་ཀྲུང་གོའི་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་རྒྱ་གར་ཕྱོགས་ལ་སྐྱོན་བརྗོད་དྲང་ནན་ཐེངས་མང་བྱས་པ་དང་། རྒྱ་གར་ཕྱོགས་ཀྱིས་ཁྲིམས་དང་འགལ་ནས་རྒྱལ་མཚམས་ལས་བརྒལ་བའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ། རྒྱ་གར་ཕྱོགས་ལ་ལོ་རྒྱུས་ཀྱི་རྒྱལ་མཚམས་གཏན་ཁེལ་ཆིངས་ཡིག་བརྩི་སྲུང་བྱས་ནས་རྒྱལ་མཚམས་ལས་བརྒལ་བའི་རྒྱ་གར་གྱི་མཐའ་སྲུང་དམག་དཔུང་འཕྲལ་མར་ལབ་གླེང་མེད་པར་མཐའ་མཚམས་ཀྱི་རྒྱ་གར་གྱི་གཞོགས་སུ་ཕྱིར་འཐེན་བྱ་དགོས་པའི་བླང་བྱ་བཏོན་པ་བཅས་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱི་བྱེད་སྟངས་ཐོག་ནས་བཟོད་སྒོམ་ཚད་མཐོན་པོ་བྱས་པ་གསལ་པོ་མཚོན་ཡོད། ཡིན་ནའང་རྒྱ་གར་ཕྱོགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནོར་འཁྲུལ་ཡོ་བསྲང་བྱེད་པའི་བྱ་བ་གང་ཡང་བྱས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཁུངས་འཁྱོལ་མི་ཐུབ་པའི་རྒྱུ་མཚན་སྣ་ཚོགས་རྫུན་སྒྲིག་བྱས་ནས་རྒྱ་གར་གྱི་དམག་དཔུང་གིས་ཁྲིམས་དང་འགལ་ནས་རྒྱལ་མཚམས་ལས་བརྒལ་བའི་བྱ་སྤྱོད་ལ་ཁ་གཡར་ས་རྫུན་བཟོ་བྱས་པ་རེད།
          ཀེང་ཧྲོང་གིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་འབྲས་ལྗོངས་ཀྱི་ས་མཚམས་ནི་1890ལོའི་《ཀྲུང་གོ་དང་དབྱིན་ཇིའི་གྲོས་ཚོགས་ཀྱི་བོད་ལྗོངས་དང་རྒྱ་གར་བར་གྱི་ཆིངས་ཡིག་》ནང་དུ་དབྱེ་འབྱེད་གཏན་འབེབས་བྱས་ཟིན་ཞིང་། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་གིས་དངོས་སུ་ཁས་བླངས་པའི་གཏན་ལ་ཕབ་པའི་མཐའ་མཚམས་ཡིན་པས། འདི་ནི་རྩིས་མེད་གཏོང་མི་རུང་བའི་དོན་དངོས་རེད། རྒྱ་གར་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ནི་1890ལོའི་ཆིངས་ཡིག་དང་དེའི་ནང་དབྱེ་འབྱེད་གཏན་འབེབས་བྱས་པའི་ཀྲུང་གོ་དང་རྒྱ་གར་བར་གྱི་གཏན་ལ་ཕབ་པའི་མཐའ་མཚམས་ལས་འགལ་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་འགལ་བ་ཡིན་པས། ཀྲུང་གོའི་མངའ་ཁོངས་དང་བདག་དབང་ལ་བཙན་གནོད་ཚབས་ཆེན་བཏང་བ་ཡིན་པ་མ་ཟད། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་རྒྱུན་ལྡན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་སློང་དྲག་པོ་བྱས་པ་དེ་བས་ཀྱང་ཡིན་པས། བདག་དབང་ཡོད་པའི་རྒྱལ་ཁབ་གང་ཞིག་གིས་ཀྱང་བཟོད་སྒོམ་བྱེད་མི་སྲིད་ཅེས་བརྗོད་པ་རེད།
          ཀེང་ཧྲོང་གིས་ཀྲུང་གོའི་ཕྱོགས་ཀྱིས་《རྒྱ་གར་གྱི་མཐའ་སྲུང་དམག་དཔུང་གིས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ཀྱི་འབྲས་ལྗོངས་ས་མཚམས་སུ་རྒྱལ་མཚམས་ལས་བརྒལ་ཏེ་ཀྲུང་གོའི་མངའ་ཁོངས་སུ་འཛུལ་བའི་དོན་དངོས་དང་ཀྲུང་གོས་འཛིན་པའི་ལངས་ཕྱོགས་》ཞེས་པའི་ཡིག་ཆ་འགྲེམས་སྤེལ་བྱས་པའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐེངས་འདིའི་རྒྱ་གར་གྱི་དམག་དཔུང་གིས་རྒྱལ་མཚམས་ལས་བརྒལ་བའི་དོན་རྐྱེན་གྱི་དོན་དངོས་ངོ་མ་གསལ་བཤད་སྔར་ལས་ལྷག་པར་བྱ་རྒྱུ་དང་། ཀྲུང་གོའི་སྲིད་གཞུང་གི་ལངས་ཕྱོགས་ཕྱོགས་ཡོངས་ནས་རྒྱས་བཤད་བྱ་ཆེད་ཡིན། ཀྲུང་གོའི་ཕྱོགས་ཀྱིས་འདི་ལྟར་བྱས་པའི་དམིགས་ཡུལ་ནི་རང་རེའི་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བདག་དབང་སྲུང་སྐྱོང་བྱ་ཆེད་ཡིན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་དང་། དྲང་སྙོམས་དང་དྲང་བདེན་སྲུང་སྐྱོང་བྱ་ཆེད་ཀྱང་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཡིན་མིན་ཁུངས་སྐྱེལ་དག་འབུད་བྱེད་ངེས་ཡིན་པ་དང་། དྲང་བདེན་ཡིན་མིན་སྐྱེ་བོ་ཀུན་གྱིས་གསལ་པོར་རྟོགས་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བསྟན་པ་རེད།