མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་རྒྱ་གར་དམག་མིས་ཁྲིམས་འགལ་ངང་མཐའ་མཚམས་
བརྒལ་བའི་ཐད་ཀྱི་ལངས་ཕྱོགས་གསལ་སྟོན་ཡིག་ཆའི་སྐོར་ལ་ཕྱི་འབྲེལ་པུའི་མགྲིན་
ཚབ་པས་གསར་འགོད་པའི་དྲི་བར་ལན་བཏབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་2ཉིན་ཀྲུང་གོ་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་རྒྱ་གར་དམག་མིས་ཁྲིམས་འགལ་ངང་མཐའ་མཚམས་བརྒལ་བའི་ཐད་ཀྱི་ལངས་ཕྱོགས་གསལ་སྟོན་ཡིག་ཆའི་སྐོར་ལ་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
         གསར་འགོད་པ་ཞིག་གིས་ཟླ་8ཚེས་2ཉིན་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་《རྒྱ་གར་གྱི་མཐའ་སྲུང་དཔུང་སྡེས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་དུམ་བུ་ནས་རྒྱལ་མཚམས་བརྒལ་ཏེ་ཀྲུང་གོའི་མངའ་ཁོངས་སུ་འཛུལ་བའི་དོན་དངོས་དང་ཀྲུང་གོའི་ལངས་ཕྱོགས་》ཞེས་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་འདུག ཀྲུང་གོ་ཕྱོགས་ཀྱིས་ལངས་ཕྱོགས་གསལ་སྟོན་གྱི་ཡིག་ཆ་དེ་ཁྱབ་བསྒྲགས་བྱེད་དགོས་དོན་གང་ཡིན་ནམ། དུས་ཚོད་དེ་འདྲ་ཞིག་ལ་ཁྱབ་བསྒྲགས་བྱེད་དགོས་དོན་གང་ཡིན་ནམ་ཞེས་དྲི་བ་བཏོན་པ་རེད།
        ཀེང་ཧྲོང་གིས་ཟླ་6ཚེས་18ཉིན་རྒྱ་གར་གྱི་མཐའ་སྲུང་དཔུང་སྡེས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་དུམ་བུ་ནས་བརྒལ་ཏེ་ཀྲུང་གོའི་མངའ་ཁོངས་སུ་འཛུལ་ཡོད། ད་བར་རྒྱ་གར་དམག་མི་སྔར་བཞིན་ཁྲིམས་འགལ་ངང་ཀྲུང་གོའི་མངའ་ཁོངས་སུ་བསྡད་ཡོད། དོན་རྐྱེན་དེས་རྐྱེན་པས་ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་རྒྱ་གར་ཕྱོགས་ལ་མཐའ་ཚིག་ནན་པོ་ཐེངས་མང་བསྒྲགས་པ་དང་རྒྱ་གར་ཕྱོགས་ཀྱིས་ཁྲིམས་འགལ་ངང་མཐའ་མཚམས་བརྒལ་བའི་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་ནས་རྒྱ་གར་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་མཐའ་མཚམས་ཆིངས་ཡིག་ལ་སྲུང་བརྩི་ཞུས་ཏེ་མཐའ་མཚམས་ལས་བརྒལ་བའི་རྒྱ་གར་གྱི་མཐའ་སྲུང་དཔུང་སྡེ་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་རྒྱ་གར་གྱི་མཐའ་མཚམས་ཕྱོགས་སུ་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱི་བྱེད་སྟངས་དེ་ལས་བཟོད་སྒོམ་ཆེན་པོ་བྱས་པ་མཚོན་ཡོད་མོད། འོན་ཀྱང་རྒྱ་གར་ཕྱོགས་ཀྱིས་ནོར་འཁྲུལ་ཡོ་བསྲང་བྱེད་པའི་བྱ་སྤྱོད་དངོས་གང་ཡང་སྤེལ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཁུངས་ལུང་མེད་པའི་རྒྱུ་མཚན་སྣ་ཚོགས་དྲངས་ནས་རྒྱ་གར་དམག་མིས་ཁྲིམས་འགལ་ངང་མཐའ་མཚམས་བརྒལ་བའི་བྱེད་སྤྱོད་ལ་ཁག་འདྲི་འདོགས་ས་འཚོལ་གྱི་ཡོད་ཅེས་བཤད་པ་རེད།
         ཀེང་ཧྲོང་གིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་དུམ་བུ་དེ་1890ལོར་བཞག་པའི་《ཀྲུང་དབྱིན་གྲོས་ཚོགས་ཀྱི་བོད་ལྗོངས་དང་རྒྱ་གར་དབར་གྱི་ཆིངས་ཡིག་》ནང་དབྱེ་འབྱེད་གཏན་འཁེལ་བྱས་པ་ཞིག་ཡིན་ལ། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཁས་ལེན་པ་དང་གཏན་ལ་ཕབ་པའི་མཐའ་མཚམས་ཤིག་ཀྱང་ཡིན་པས་དེ་ནི་རྩིས་མེད་དུ་གཏོང་ཐབས་བྲལ་བའི་དོན་དངོས་ཤིག་རེད། རྒྱ་གར་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ཚང་མ་1890ལོར་བཞག་པའི་ཆིངས་ཡིག་དང་དེ་བཞིན་ཁོང་ཚོས་གཏན་འཁེལ་བྱས་པའི་ཀྲུང་གོ་དང་རྒྱ་གར་གྱི་གཏན་ལ་ཕབ་པའི་ས་མཚམས་ལས་ལོག་ཏུ་འགལ་བ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་འགལ་ཡོད། ཁོང་ཚོའི་བྱེད་སྤྱོད་དེས་ཀྲུང་གོའི་མངའ་ཁོངས་ཀྱི་བདག་དབང་ལ་བཙན་གནོད་ཚབས་ཆེན་བྱས་ཡོད་པ་མ་ཟད། ད་དུང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་རྒྱུན་གཏན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་སློང་ཆེན་པོའང་བྱས་ཡོད་པས་བདག་དབང་རྒྱལ་ཁབ་སུ་ཞིག་གིས་ཀྱང་བཟོད་སྒོམ་བྱེད་ཐབས་བྲལ་ཡོད་ཅེས་བཤད་པ་རེད།
         ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་《རྒྱ་གར་གྱི་མཐའ་སྲུང་དཔུང་སྡེས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་དུམ་བུ་ནས་མཐའ་མཚམས་བརྒལ་ཏེ་ཀྲུང་གོའི་མངའ་ཁོངས་སུ་འཛུལ་བའི་དོན་དངོས་དང་ཀྲུང་གོའི་ལངས་ཕྱོགས་》ཞེས་པའི་ཡིག་ཆ་ཁྱབ་བསྒྲགས་བྱེད་པའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ད་ཐེངས་རྒྱ་གར་དམག་མིས་རྒྱལ་མཚམས་བརྒལ་བའི་དོན་རྐྱེན་གྱི་གནས་ཚུལ་ངོ་མ་སྔར་བས་གསལ་བཤད་རྒྱག་པ་དང་ཆབས་ཅིག་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་ཁྱོན་ཡོངས་ནས་གསལ་སྟོན་བྱ་ཆེད་ཡིན། ཀྲུང་གོ་ཕྱོགས་ཀྱིས་དེ་ལྟར་བྱེད་དོན་ནི་རང་རྒྱལ་གྱི་མངའ་ཁོངས་བདག་དབང་སྲུང་སྐྱོང་བྱ་ཆེད་ཡིན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་དང་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱ་ཆེད་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་བདེན་རྫུན་དྲང་འཁྱོག་གཟུར་གནས་ཀུན་གྱིས་རྟོགས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།