མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པས་རྒྱ་གར་གྱི་དམག་དཔུང་ཁྲིམས་འགལ་ངང་རྒྱལ་མཚམས་
ལས་བརྒལ་བའི་བྱ་སྤྱོད་ནི་འགན་མི་ཁུར་བ་དང་མཐའ་འབྲས་ལ་བསམ་
གཞིགས་མི་བྱེད་པ་ཞིག་རེད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ཀེང་ཧྲོང་གིས་གསར་འགོད་པའི་དྲི་བར་ལན་འདེབས་དུས། རྒྱ་གར་གྱི་དམག་དཔུང་ཁྲིམས་འགལ་ངང་རྒྱལ་མཚམས་ལས་བརྒལ་བའི་བྱ་སྤྱོད་ནི་འགན་མི་ཁུར་བ་དང་མཐའ་འབྲས་ལ་བསམ་གཞིགས་མི་བྱེད་པ་ཞིག་རེད། རྒྱ་གར་ཕྱོགས་ཀྱིས་ཁྲིམས་འགལ་ངང་རྒྱལ་མཚམས་ལས་བརྒལ་བའི་མི་སྣ་འཕྲལ་མར་མཐའ་མཚམས་ཀྱི་རྒྱ་གར་ཕྱོགས་སུ་ཕྱིར་འཐེན་བྱེད་དགོས་ཞེས་བརྗོད་པ་རེད།
          ཀྲུང་གོའི་ཕྱོགས་ཀྱིས་ཁ་སང་《རྒྱ་གར་གྱི་མཐའ་སྲུང་དཔུང་སྡེས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་དུམ་བུ་ནས་རྒྱལ་མཚམས་བརྒལ་ཏེ་ཀྲུང་གོའི་མངའ་ཁོངས་སུ་འཛུལ་བའི་དོན་དངོས་དང་ཀྲུང་གོའི་ལངས་ཕྱོགས་》ཞེས་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་འདུག ཡིག་ཆར་ཟླ་6ཚེས་16ཉིན། ཀྲུང་གོ་ཕྱོགས་ཀྱིས་གདོང་ནང་ས་ཁུལ་དུ་བགྲོད་ལམ་སྐྲུན་བཞིན་ཡོད་པ་དང་། དོན་དག་དེ་སྔོན་རྒྱ་གར་ཕྱོགས་ལ་བརྡ་སྦྱོར་ཡང་བཏང་འདུག  བགྲོད་ལམ་འདི་བསྐྲུན་པའི་དམིགས་ཡུལ་ཅི་ཡིན་ནམ། བརྡ་སྦྱོར་གྱི་གནས་ཚུལ་བྱེ་བྲག་ཅི་འདྲ་ཡིན་ནམ། རྒྱ་གར་ཕྱོགས་ཀྱིས་ཨ་ལན་ཅི་འདྲ་ཞིག་བསློགས་པ་རེད་ནམ་ཞེས་གསར་འགོད་པ་ཞིག་གིས་དྲི་བ་བཏོན་པ་རེད།
          ཀེང་ཧྲོང་གིས་བསྟན་དོན། ཟླ་6ཚེས་16ཉིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་གཉིས་པོའི་མཐའ་མཚམས་ཀྱི་འབྲས་ལྗོངས་བར་མཚམས་ཀྱི་ཀྲུང་གོའི་རྒྱལ་ཁོངས་ཕྱོགས་ཀྱི་གདོང་ནང་ས་ཁུལ་དུ་བགྲོད་ལམ་སྐྲུན་བཞིན་ཡོད། དམིགས་ཡུལ་ནི་ས་གནས་དེ་གའི་འགྲིམ་འགྲུལ་ཇེ་ལེགས་སུ་བཏང་ནས་ས་གནས་དེ་གའི་འབྲོག་པ་ཚོས་ཕྱུགས་འཚོ་བདེ་བ་དང་མཐའ་སྲུང་དཔུང་སྡེ་སྐོར་ཞིབ་བྱེད་བདེ་བའི་ཆེད་ཡིན། འདི་ནི་ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་མངའ་ཁོངས་སུ་སྤེལ་བའི་རྒྱུན་ལྡན་བྱ་སྤྱོད་ཅིག་ཡིན་ལ། དངོས་གནས་ཁྲིམས་མཐུན་ཞིག་ཡིན་པ་རེད།
          ཀེང་ཧྲོང་གིས། ཀྲུང་གོ་ཕྱོགས་ཀྱིས་སེམས་བཟང་བྱས་ནས་རིམ་པ་བཞིན་དུ་ཟླ་5ཚེས་18ཉིན་དང་ཟླ་6ཚེས་8ཉིན་གཉིས་རིང་མཐའ་སྲུང་མཇལ་འཛོམས་བརྒྱུད་ནས་རྒྱ་གར་ཕྱོགས་ལ་སྔོན་བརྡ་གཏོང་ཐེངས་གཉིས་བྱས་ཡོད། རྒྱ་གར་ཕྱོགས་ཀྱིས་ཨ་ལན་ཅིའང་མི་བསློག་པར། ཟླ་6ཚེས་18ཉིན། རྒྱ་གར་མཐའ་སྲུང་དཔུང་སྡེའི་མི་270ལྷག་ཙམ་གྱིས་མཚོན་ཆ་ཐོགས་ནས་ས་འདེད་འཕྲུལ་ཆས་གཉིས་དང་མཉམ་དུ་རྡོ་ཁ་ལའི་ལ་ཉག་ནས་འབྲས་ལྗོངས་བར་མཐའ་མཚམས་ཀྱི་སྨི་100ཙམ་ཀྱི་ཀྲུང་གོའི་མངའ་ཁོངས་སུ་ཡོང་སྟེ་ཀྲུང་གོ་ཕྱོགས་ཀྱི་བགྲོད་ལམ་བསྐྲུན་པར་བཀག་འགོག་བྱས་པ་རེད་ཅེས་བརྗོད།
          ཀེང་ཧྲོང་གིས་བསྟན་དོན། ཟླ་8ཚེས་2ཉིན་གྱི་ཕྱི་དྲོ་བར་དུ། རྒྱ་གར་གྱི་དམག་མི་48དང་ས་འདེད་འཕྲུལ་ཆས་བཅས་སྔར་བཞིན་ཀྲུང་གོའི་མངའ་ཁོངས་སུ་བསྡད་ཡོད་པ་མ་ཟད། རྒྱ་གར་གྱི་དཔུང་སྡེའི་དྲག་ཆས་མི་སྣ་མང་པོ་ཞིག་མཐའ་མཚམས་དང་མཐའ་མཚམས་ཀྱི་རྒྱ་གར་ཕྱོགས་སུ་འདུ་འཛོམས་བྱས་ཡོད་པ་རེད།
          ཀེང་ཧྲོང་གིས་བརྗོད་དོན། གདོང་ནང་ས་ཁུལ་ནི་1890ལོའི་《ཀྲུང་དབྱིན་གྲོས་ཚོགས་ཀྱི་བོད་ལྗོངས་དང་རྒྱ་གར་དབར་གྱི་ཆིངས་ཡིག་》ཏུ་ཀྲུང་གོའི་ཕྱོགས་སུ་ཡོད་པ་གཏན་འཁེལ་བྱས་ཡོད་པ་རེད། རྒྱ་གར་མཐའ་སྲུང་དཔུང་སྡེ་མཐའ་མཚམས་ཀྱི་རྒྱ་གར་ཕྱོགས་ནས་ཀྲུང་གོའི་ཕྱོགས་སུ་འཛུལ་བ་ནི་ཁྲིམས་འགལ་ངང་རྒྱལ་མཚམས་ལས་བརྒལ་བ་ཡིན་པའི་དོན་དངོས་ནི་ཁས་ལེན་མི་བྱེད་པ་མི་རུང་བ་རེད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་ད་ལྟའི་འབྲེལ་ཡོད་སྒྲིག་སྲོལ་དང་འབྲེལ་ལམ་རྩིས་མེད་དུ་བཏང་སྟེ་ཀྲུང་གོ་ཕྱོགས་ལ་འབྲེལ་བ་གང་ཡང་མ་བྱས་པའི་ཐོག་ཐད་ཀར་མཐའ་སྲུང་དཔུང་སྡེར་མཚོན་ཆ་དང་འཕྲུལ་ཆས་ཐོགས་ཏུ་བཅུག་སྟེ་རྒྱལ་མཚམས་བརྒལ་ནས་ཀྲུང་གོའི་མངའ་ཁོངས་སུ་ཡོང་སྟེ་བསྡད་ནས་ཕྱིར་མི་ལོག་པའི་བྱ་སྤྱོད་ནི་འགན་མི་ཁུར་བ་དང་མཐའ་འབྲས་ལ་བསམ་གཞིགས་མི་བྱེད་པ་ཞིག་རེད། རྒྱ་གར་གྱི་དཔུང་སྡེ་གྲངས་ཀ་མང་ཉུང་ཅི་ཙམ་ཞིག་ཁྲིམས་འགལ་ངང་རྒྱལ་མཚམས་ལས་བརྒལ་ཏེ་ཀྲུང་གོའི་མངའ་ཁོངས་སུ་ཡོང་བའི་རང་བཞིན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་བདག་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བའི་བྱ་སྤྱོད་ཡིན་པ་དང་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་》ལས་རྒྱབ་འགལ་ཚབས་ཆེན་བྱས་པ་རེད། དེ་ལས་རྒྱལ་སྤྱིའི་ཁྲིམས་མི་སྲུང་བའི་བྱ་སྤྱོད་ཐོན་ཡོད་པས། རྒྱ་གར་ཕྱོགས་ཀྱིས་དོན་དག་འདིར་འབྲེལ་ཡོད་ཀྱི་འགན་ཁུར་དགོས་པ་རེད།