མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མེ་སྐྱོན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་ཐོན་རྒྱུ་བཀག་སྡོམ་མཐའ་གཅིག་ཏུ་བྱེད་དགོས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ལས་དོན་སྐོར་གྱི་བརྙན་ལམ་ཚོགས་འདུ་འཚོགས་ནས། ཉེ་དུས་མེ་སྐྱོན་ཚབས་ཆེན་ཐོན་པ་ལས་བསླབ་བྱ་གཏིང་ཟབ་བླངས་ཏེ་མེ་སྐྱོན་སྔོན་འགོག་གི་བྱེད་ཐབས་སྔར་བས་ནན་དུ་བཏང་ནས་མེ་སྐྱོན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་ཐོན་རྒྱུ་བཀག་སྡོམ་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          ཚོགས་འདུའི་ཐོག ཉེ་དུས་མེ་སྐྱོན་ཚབས་ཆེན་བསྟུད་མར་ཐོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་གྱོང་གུན་ཤུགས་ཆེན་བཟོས་པ་དང་། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ཡང་ཤུགས་རྐྱེན་ངན་པ་བཟོས་སྟབས། ས་གནས་ཁག་གཅིག་གི་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོ་མེད་པ་དང་སྤྱི་ཚོགས་ཀྱི་ཚན་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་སོགས་ཀྱི་གནད་དོན་མངོན་ཡོད་ཅེས་བསྟན།
           ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་དེ་གོང་ཉེ་དུས་ཐོན་པའི་མེ་སྐྱོན་ཁག་གཅིག་བརྡ་ཁྱབ་བཏང་བའི་ནང་། ཟླ་11ཚེས་18ཉིན་པེ་ཅིང་ཏ་ཤིན་ཆུས་སུ་བྱུང་བའི་མེ་སྐྱོན་ཚབས་ཆེན་དང་ཟླ་12ཚེས་1ཉིན་ཐེན་ཅིན་ཧོ་ཤིས་ཆུས་ཀྱི་མེ་སྐྱོན་ཚབས་ཆེན་སོགས་ཚུད་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱིས་དོན་དེར་མཐོང་ཆེན་གནང་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཐོན་སྐྱེད་གཉེར་སྐྱོང་དང་། གསོག་ཉར། སྡོད་ས་བཅས“ཕྱོགས་གསུམ་གཅིག་སྡུད”དང་“མང་པོ་གཅིག་སྡུད”ཡིན་སར་གྲལ་བཤེར་བྱས་ནས་མེ་སྐྱོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་དེ་རིགས་ཀྱི་དོན་རྐྱེན་ཐོན་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བརྡ་ཁྱབ་ནང་བསྟན་དོན། “ཕྱོགས་གསུམ་གཅིག་སྡུད”དང་“མང་པོ་གཅིག་སྡུད”ཡིན་ས་དང་དེ་བཞིན་མི་མང་སྡོད་སའི་བོགས་གཏོང་ཁང་པའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱ་རྒྱུའི་ཐད“མཐའ་གཅིག་ཏུ་ལྔ”ཡི་བླང་བྱ་ནན་ཏན་ངང་དོན་འཁྱོལ་བྱེད་དགོས་ཞེས་བསྟན་ཡོད་པ་དང་། དེའི་ཁྲོད། མི་10ཡན་སྡོད་ས་ཡིན་ཕྱིན་ཚང་མར་མེ་སྐྱོན་ཉེན་བརྡ་གཏོང་ཆས་ལོགས་སུ་སྒར་བ་དང་ཆེད་བསྐོས་དོ་དམ་པས་མཚན་བཤེར་བྱེད་པའི་བྱ་ཐབས་ལག་ལེན་བསྟར་དགོས་པ་དང་། མི་30ཡན་སྡོད་ས་ཡིན་ཕྱིན་ཚད་གཞིར་གཞིགས་ཏེ་རང་འགུལ་མེ་གསོད་དང་མེ་སྐྱོན་ཉེན་གཏོང་སོགས་ཀྱི་མེ་ཟོན་སྒྲིག་ཆས་སྒར་བ་དང་ཆེད་མི་བཀོད་སྒྲིག་གིས་མེ་ཟོན་དོ་དམ་གྱི་འགན་འཁུར་དགོས་པ་སོགས་ཚུད་ཡོད། ད་དུང་། བརྡ་ཁྱབ་ནང་། དགུན་ཁ་དང་དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ཏན་ཏིག་བྱེད་པ་དང་། མེ་ཟོན་བདེ་འཇགས་དྲ་མིག་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།