མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡིས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་ཐོབ་པར་དཀའ་བའི་ཞི་ལྷོད་བྱུང་བས་
ཕྱོགས་ཁག་གིས་གཅེས་སྤྲས་ལྡབ་སྒྱུར་བྱེད་རིན་ཡོད་ཅེས་བཤད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་20ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་18ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དེང་སྐབས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་ཐོབ་པར་དཀའ་བའི་ཞི་ལྷོད་ཀྱི་རྣམ་པ་ཐོན་པས་ཕྱོགས་ཁག་གིས་གཅེས་སྤྲས་ལྡབ་སྒྱུར་བྱེད་རིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་སྐབས་འདི་དམ་འཛིན་བྱས་ནས་རྒྱབ་སྐྱོར་དང་གཞོགས་འདེགས་མུ་མཐུད་བྱེད་དགོས་ཞེས་བཤད།
         གནས་ཚུལ་སྤེལ་བར་གཞིགས་ན། ཧན་ཁྲའོ་ཕྱོགས་གཉིས་པོའི་འཐུས་མིས་ཚེས་17ཉིན་བན་མན་ཏན་དུ་གྲོས་མོལ་བྱས་ནས། ལྷོ་བྱང་ཕྱོགས་གཉིས་ཀྱིས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག“ཁྲའོ་ཞན་ཕྱེད་གླིང་གི་དར་ཆ”ཁྱེར་ནས་མཉམ་དུ་འགྲན་རར་འཛུལ་བ་དང་མཉམ་དུ་རུ་ཁག་སྒྲིག་འཛུགས་ཀྱིས་འགྲན་བསྡུར་ལ་ཞུགས་པ་སོགས་ཀྱི་བྱེད་ཐབས་བརྩོན་ལེན་བྱེད་པའི་ཐད་མོས་མཐུན་བྱུང་བ་རེད། གཞན་ཡང་ཉེ་དུས་ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་ཁང་ཅིང་ཧོས་ཧན་ཁྲའོ་ཡི་དེང་སྐབས་ཀྱི་གྲོས་མོལ་གྱིས་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་གྱི་ཞི་བའི་ཐག་གཅོད་ལ་གྲོས་བསྡུར་བྱེད་པའི་བར་སྣུར་སྲིང་བྱེད་ཐུབ། ཧན་གོ་ཕྱོགས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲོས་གཞི་ལས་བརྒལ་ནས་གྲོས་མོལ་སྔར་བས་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་གསར་འགོད་པས་དྲིས།
         ལུའུ་ཁང་གིས་ང་ཚོས་ཕྱི་འབྲེལ་པུའུ་ཀྲང་ཁང་ཅིང་ཧོས་འབྲེལ་ཡོད་ལྟ་ཚུལ་གླེང་བར་དོ་སྣང་བྱུང་། ཁྲའོ་ཞན་ཕྱེད་གླིང་གི་ལྷོ་བྱང་ཕྱོགས་གཉིས་ཀྱིས་ཉེ་ཆར་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཉམ་ལས་ལ་དམིགས་པ་དང་་ལྷོ་བྱང་འབྲེལ་བ་ཞི་ལྷོད་དུ་གཏོང་བ་སོགས་ཚུད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཁག་གཅིག་བྱུང་བས། རྒྱལ་སྤྱིའི་སྤྱི་ཚོགས་ལ་གཏམ་བཟང་རྒྱུན་མཐུད་ནས་གྲགས་ཡོད་པ་ལས་ང་ཚོས“ལྷོ་བྱང་ཕ་མ་གཅིག་གི་སྤུན་ཟླའི་བརྩེ་དུང་དང་ལྷོ་བྱང་ཁྱིམ་ཚང་གཅིག”གི་སྤུན་ཟླའི་བརྩེ་དུང་མཐོང་ཐུབ་ལ། ཕྱོགས་གཉིས་པོས་ཁ་ཕྱོགས་གཅིག་མཐུན་དང་བསམ་པའི་ཀུན་སློང་བཟང་པོ་བཅངས་ནས་ཕན་ཚུན་གྱི་འབྲེལ་བ་ལེགས་སུ་གཏོང་བ་དང་ཕྱེད་གླིང་གི་དུས་བབ་ཞི་ལྷོད་དུ་གཏོང་ཆེད་དགེ་མཚན་ལྡན་པའི་འབད་བརྩོན་བྱས་པ་ཡང་མཐོང་ཐུབ། ངས་དེ་གོང་འདིར་ཤོད་མྱོང་ཡོད། དེ་རིང་ངས་སླར་ཡང་བསྐྱར་བསྒྲགས་བྱེད་འདོད་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་ལྕག་སྐུལ་བྱེད་དགོས་ཞེས་བཤད།
         ལུའུ་ཁང་གིས་མིག་སྔའི་ལས་དོན་གལ་ཆེ་ཤོས་ནི་ལྷོ་བྱང་ཕྱོགས་གཉིས་ཀྱི་མཉམ་འགུལ་བྱེད་པའི་རྣམ་པ་བཟང་པོ་རྒྱུན་མཐུད་བྱེད་པ་དེ་རེད། ཕྱི་འབྲེལ་པུའུ་ཀྲང་ཁང་ཅིང་ཧོས་བཤད་པ་བཞིན་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་རྗེས་བར་རྒྱུན་མཐུད་བྱས་ནས་གླེང་མོལ་བྱེད་རིང་ཡིད་ཆེས་ཆེ་རུ་གཏོང་བ་དང་། གླེང་མོལ་བྱེད་རིང་ཐུན་མོང་གི་ངོས་འཛིན་ཆགས་པར་བྱེད་པ། གྲོས་མོལ་བྱེད་རིང་ཐབས་ལམ་འཚོལ་ཞིབ་བཅས་བྱས་ནས་ཕྱོགས་གཉིས་ཀས་དང་ལེན་ཐུབ་པའི་ཚང་མས་ཁས་ལེན་ཆེ་ཤོས་བྱེད་པ་བཙལ་ཏེ་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་མངོན་འགྱུར་ཡོང་བ་བྱས་ནས་ཕྱེད་གླིང་ཡུན་རིང་ཞི་བདེ་ཡོང་བར་བྱེད་པར་ང་ཚོས་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་བཤད།